མཉམ་འབྲེལ་རྒྱལ་ཚོགས་ཀྱི་བོད་དོན་སྐོར་ལ་རེ་འདུན།

ཟླ་འདིའི་ཚེས་༢ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་གཞུང་གིས་མུ་མཐུད་དུ་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་སྟེ། བཙོན་འཇུག་བྱས་དང་བྱེད་བཞིན་པའི་བོད་མི་རྣམས་གློད་གྲོལ་གཏོང་དགོས་སྐོར་སོགས་ཀྱི་རེ་འདུན་ཞིག་བཏོན་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༢ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ལྕམ་Navi Pillay ཡིས། “བོད་མི་ཚོས་ཡུན་རིང་ནང་འཕྲད་བཞིན་པའི་དཀའ་ངལ་འོག་ད་ཆ་རང་ལུས་མེར་སྲེག་གིས་མཚོན་འུ་ཐུག་ཐབས་ཟད་ཀྱི། ལས་འགུལ་མང་དག་ཅིག་སྤེལ་བཞིན་པའི་གནས་སྟངས་དེ་དག་ལ་རྒྱ་ནག་གཞུང་གིས་བསམ་ཤེས་བྱས་ཏེ་བོད་མིའི་དཀའ་ངལ་སེལ་ཐབས་བྱེད་དགོས་”ཞེས་དང་།

ཡང་ཁོང་གིས“་བོད་མི་ཚོས་རང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ། འདུ་འཛོམས་དང་སྨྲ་བརྗོད་སོགས་ཀྱི་རང་དབང་ཆེད་ཞི་བའི་འཐབ་རྩོད་བྱེད་སྐབས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་བྱས་ཏེ་བོད་མི་འཛིན་བཟུང་བཀག་ཉར་བྱས་པ་དང་། གར་སོང་ཆ་མེད་དུ་གྱུར་བ་སོགས་བོད་མི་ཞི་རྒོལ་བ་རྣམས་ཀྱི་ཐོག་རྒྱ་ནག་གཞུང་གིས། དྲག་གནོན་ཧ་ཅང་ཆེན་པོ་བྱེད་བཞིན་པའི་གནས་ཚུལ་དེ་དག་ལ་ང་ཚོས་ཧ་ཅང་བློ་འཚབ་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་པའི་བུ་མོ་རང་ལོ་༡༧ སོན་པ་འཇིག་མེད་སྒྲོལ་མར་ལོ་གསུམ་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། ཕྱོགས་མཚུངས་བོད་མི་ཚོས་རང་དབང་ཆེད་རྩོམ་ཡིག་བྲིས་པ་དང། གློག་བརྙན་བཟོས་པ། བོད་ནང་གི་དོན་རྐྱེན་དང་འབྲེལ་བའི་པར་རིགས་གནས་ཚུལ་ཕྱིར་གཏོང་བྱས་པ་སོགས་ལ་རྒྱ་ནག་གཞུང་གིས་ལོ་བཞི་དང་བདུན་སོགས་དུས་བཀག་འདྲ་མིན་གྱི་བཙོན་འཇུག་ཁྲིམས་ཆད་བྱས་ཡོད་པ་དེ་དག་གང་མྱུར་གློད་གྲོལ་གཏོང་དགོས་པ་ངས་འབོད་སྐུལ་ཞུ་རྒྱུ་ཡིན་”ཞེས་རྒྱ་གཞུང་ལ་འབོད་སྐུལ་ཞུས་ཡོད་འདུག་ལ།

མཐར་ཁོང་གིས་བོད་མི་ཚོས་རང་ལུས་མེར་སྲེག་གིས་མཚོན་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་མ་ཟད། ཚོགས་པ་དང་ཆོས་ལུགས་དབུ་ཁྲིད་རྣམས་ལ་ལས་འགུལ་དེ་དག་མཚམས་འཇོག་གནང་རོགས་ཞེས་འབོད་སྐུལ་ཞུ་དགོས་པའི་རེ་འདུན་ཡང་བཏོན་འདུག །

Share this:
༤༣ ཀློག་གྲངས།