བོད་དང་ཐེ་ཝན་རྒྱལ་སྤྱིར་བསྲེ་འདོད་མེད་ཟེར།

    ཨ་རིའི་རྒྱལ་དོན་དྲུང་ཆེ་མཆོག་ཟླ་འདིའི་ཚེས་༢༡ ཉིན་པེ་ཅིང་དུ་འབྱོར་སྐབས་དང་ཐོག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡཱང་ཇཱ་ཆའི་དང་མཇལ་འཕྲད་གནང་ཡོད་པ་དང༌། དེ་ནས་རིམ་གྱིས་སྲིད་འཛིན་ཧུའུ་ཅིན་ཐའོ་དང༌། སྲིད་བློན་ཝིན་ཅཱ་པའོ་སོགས་ལ་མཇལ་འཕྲད་གནང་ཡོད་འདུག དྲུང་ཆེ་མཆོག་གིས་དེ་རིང་ཁ་ཚ་དགོས་གཏུགས་ཀྱིས་རྒྱལ་ཁབ་གཉིས་དབར་འབྲེལ་ལམ་བྱ་རྒྱུ་ནི། འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་དཔལ་འབྱོར་ཉམས་རྒུད་ཀྱི་སྐོར་ཡིན་ཞེས་བརྒྱུད་བསྒྲགས་བྱས་ཡོད་པ་དང༌། འགྲོ་བ་མིའི་ཐོབ་ཐང་དང་བོད་ཐེ་ཝན་བཅས་ཀྱི་རྙོག་འཛིང་དེ་རྒྱལ་སྤྱིའི་གནད་དོན་དང་བསྲེ་བསླད་བཏང་སྟེ་བརྗོད་དགོས་དོན་མི་འདུག་ཅེས། རྒྱ་ནག་ལ་འབྱོར་བའི་ཉིན་དང་པོར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇཱ་ཆའི་ལ་ཐུག་འཕྲད་བྱེད་སྐབས་གསུངས་ཡོད་པ་དང། དེ་ནས་བོད་དང་ཐེ་ཝན་སོགས་ཀྱི་སྐོར་གང་བརྗོད་ཡོད་མེད་གསར་ལམ་ཁག་ནས་འགྲེལ་བརྗོད་གསལ་ཁ་མེད་པ་རེད།
    ཉིན་གསུམ་པར་རྒྱ་ནག་ཏུ་ཡོད་པའི་ཡེ་ཤུའི་ལྷ་ཁང་ཁག་ལ་གཟིགས་སྐོར་དུ་ཕེབས་ཏེ། ས་གནས་དེ་གར་གསར་འགོད་པ་དང་ཡེ་ཤུའི་རིག་གཞུང་གཅེས་སྐྱོང་ཁང༌། ཁེ་གཉེར་སྡེ་ཚན་སོགས་ལ་རྒྱུས་ལོན་གྱིས་གྲོས་བསྡུར་ལྷུག་པོ་གནང་སྐབས། རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་པ་ལ་བུད་མེད་ཀྱི་གླེང་སྟེགས་དང་གཞུང་འབྲེལ་མ་ཡིན་པའི་དཔོན་རིགས་ཀྱི་ཚོགས་པ། གསར་འགོད་པ། ཁེ་གཉེར་སྡེ་ཚན་སོགས་གསར་འཛུགས་བྱེད་དགོས་པའི་བསམ་ཚུལ་བཏོན་ཡོད་པ་རེད། ད་དུང་རྒྱ་ནག་ཏུ་བུད་མེད་ཚོས་དཀའ་ངལ་ལ་གདོང་ལེན་བྱེད་པའི་བར་ཆད་ཆེ་ཤོས་གང་ཡིན་མིན་ཤེས་འདོད་ཡོད་སྐོར་དང༌། རྒྱ་ནག་གཞུང་ལ་བུད་མེད་ཚོར་གཞུང་གི་ངོས་ནས་ཐོབ་ཐང་ངེས་ཅན་ཞིག་སྤྲོད་དགོས་སྐོར་སོགས་བརྗོད་ཡོད་འདུག།

Share this:
༧༩ ཀློག་གྲངས།