ཨ་མདོ་རེབ་གོང་དུ་བོད་མི་ཞིག་གིས་རང་ལུས་མེརསྲེག་གི་ངོ་རྒོལ།

rabkong_4_10ཟླ་འདིའི་ཚེས་ ༤  ཉིན་བོད་ནང་གི་ཆུ་ཚོད་ ༡༠ དང་སྐར་མ་ ༢༠ ཙམ་ལ། ཨ་མདོ་རེབ་གོང་ཆུ་མ་སྡེ་བརྒྱད་ཚོ་དགུའི་གྲས་ཀླུ་གཤོང་སྡེ་པ་ནས་ཡིན་པ་རྡོ་རྗེ་ལྷུན་འགྲུབ་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་རེད།

དེ་ཡང་ནོར་གླིང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ནི་ད་ལྟ་རང་ལོ་ ༢༥ ཡིན་པ་དང་། ཕ་མིང་ལ་འབྲུག་ཐར་རྒྱལ་ལོ ༥༠ ཡིན་པ་དང། ཨ་མའི་མིང་ལ་ཤ་བོ་གཡང་མོ་ཟེར་ཞིང་ལོ་ ༤༤ ཡིན་འདུག། འཚོ་ཐབས་ཞིང་པ་ཡིན་འདུག་ལ་འབྱོར་བ་འབྲིང་ཙམ་ཡོད་པ་ཞིག་ཡིན་འདུག  ཁོང་ད་ཆ་ལྷ་བྲིས་སྒྱུ་རྩལ་གྱི་ལས་རིགས་གཉེར་མཁན་ཞིག་ཡིན་པ་དང་། བཟའ་ཟླའི་མིང་ལ་གཡང་མོ་མཚོ་དང་ལོ་ ༢༦ ཡིན་འདུག  ཁོང་གཉིས་ལ་བུ་དང་བུ་མོ་གཉིས་འདུག་པ་ལས་རྒན་པ་བུ་ཀུན་བཟང་རྡོ་རྗེ་ད་ལྟ་ལོ་ ༤ དང་། ཆུང་བ་བུ་མོ་ཏིང་འཛིན་སྒྲོལ་མ་ད་ལྟ་ལོ་ ༢ ཡིན་འདུག

rabkong_4_11ཟླ་འདིའི་ཚེས་༤ ཉིན་གྱི་སྔ་དྲོ་ཁོང་གིས་རང་ལུས་མེར་སྲེག་གཏོང་ས་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་འཛིན་ལྟེ་གནས་རོང་བོ་རྒྱལ་ཐང་གི་གྲོང་ཁྱེར་ལ་ལམ་ཆེན་འགག་མདོ་ཁ་ཤས་ཡོད་པ་ལས། ནུབ་ཁུལ་བྱ་ཁྱུང་ལམ་ཁུལ་གྱི་སུམ་མདོ་ཡིན་འདུག་ལ། མེར་བསྲེག་གི་ལས་འགུལ་སྤེལ་བ་ལམ་འགྲོ་མང་ཚོགས་ཀྱིས་ཤེས་རྟོགས་བྱུང་འབྲེལ། སྐུ་ཕུང་རྒྱ་དམག་གི་ལག་ཏུ་མ་ཤོར་བར་བདག་གཅེས་དང་འབྲེལ། གནས་ཚུལ་དེ་ཤེས་རྟོགས་ཁྱབ་བརྡལ་བྱུང་སྟེ། དུས་ཡུན་ཐུང་ངུའི་ནང་རོང་པོ་དགོན་པའི་དགེ་འདུན་པ་རྣམས་དང་། ཐག་ཉེ་རིང་གི་མང་ཚོགས་མང་པོ་ག་ས་གང་ནས་མཉམ་འཛོམས་བྱུང་སྟེ་སྐུ་ཕུང་ལ་ཁ་བཏགས་འཐེན་པ་དང་། སྨོན་ལམ་གསུང་འདོན་བཅས་ཀྱི་མགོ་བཙུགས་ནས། སྐུ་ཕུང་རེབ་གོང་རོང་པོ་དགོན་པའི་རྒྱབ་རིའི་མདུན་པང་གི་གདོང་རྒྱལ་ལ་ཁ་ཟེར་བ་དེར་གདན་ཞུས་ཀྱི་སྐབས་ཙམ་ལ། གཞི་ནས་དཔའ་བོ་ཁོང་གང་ནས་ཡིན་པ་སོགས་ཀྱི་ངོ་འཕྲོད་བྱུང་བ་ཞིག་ཡིན་འདུག

དེ་རིང་བོད་ནང་གི་་ཆུ་ཚོད་ ༢ ་དང་ཕྱེད་ཀའི་སྟེང་དགེ་འདུན་པའི་སྨོན་ལམ་ཆོ་ག་གསུང་འདོན་དང་མང་ཚོགས་ཀྱིས་མ་ཎི་འདོན་དབྱངས་དང་ཀི་བསྭོ་ལྷ་རྒྱལ་སོགས་ཀྱི་སྐད་འབོད་ལྡིར་བའི་ཁྲོད་ནས་སྦྱིན་སྲེག་ཞུས་འདུག ས་གནས་ནས་གནས་ཚུལ་བཏང་འབྱོར་ལྟར་ན། སྐུ་ཕུང་ཞུགས་འབུལ་ཞུ་ཡུལ་དུ་མི་མང་ཁྲི་ཁ་ཤས་འཛོམས་ནས་དཔའ་བོ་ཁོང་ལ་མྱ་ངན་གུས་འདུད་དང་ནང་མིར་གདུང་སེམས་མཉམ་སྐྱེད་ཞུས་ཡོད་འདུག

ཁོང་གིས་རང་ལུས་མེར་བསྲེག་ལས་འགུལ་སྤེལ་བའི་རྗེས་ཙམ་ནས་རྒྱ་ནག་གཞུང་གིས་ཉེན་རྟོག་པ་དང་དམག་མིས་སྲང་ལམ་དག་ལ་སྐོར་གཡེང་དང་། དམ་དྲག་གི་བྱེད་འགོ་ཚུགས་པ་དང་། ད་ཐེངས་མང་ཚོགས་ཀྱིས་སྐད་འབོད་བྱས་སྐབས་དང་། སྐུ་ཕུང་ཞུ་འབུགས་ཞུ་ཡུལ་དུ་གདན་ཞུ་དང་། ཞུགས་འབུལ་སྐབས་རྒྱ་གཞུང་གིས་མང་ཚོགས་འཛིན་བཟུང་དང་། གཅར་རྡུང་། དྲག་གནོན་སོགས་ཀྱི་གནས་སྟངས་བྱུང་མེད་ནའང་། གནས་ཚུལ་འདི་སྐོར་ཕྱིར་བསྒྲགས་མི་ཆོག་པའི་སྐོར་མང་ཚོགས་ནང་ཁྱབ་སྤེལ་ཤུགས་ཆེ་བྱེད་ཀྱི་ཡོད་འདུག

དཔའ་བོ་ཁོང་གི་སྐུ་ཕུང་ཞུགས་འབུལ་ཞུ་ཡུལ་གདོང་རྒྱལ་ལ་ཁ་ནི་རེབ་གོང་གི་ལོ་རྒྱུས་ནང་གི་དམིགས་བསལ་ས་ཆ་ཞིག་སྟེ། དེར་བླ་ཆེན་དག་སྐུ་གཤེགས་པའི་སྐབས་ན་སྐུ་ཕུང་ཞུགས་འབུལ་བྱ་ཡུལ་ཞིག་ལས། དུར་ཁྲོད་ཀྱི་མིང་དང་ངོས་འཛིན་ཡོད་པ་ཞིག་མིན་པ་དང་། དེ་ཡང་སྤྱིར་བཏང་གི་བླ་མ་དང་གྲྭ་པ། དེ་ལས་ཀྱང་མང་ཚོགས་དཀྱུས་མའི་རིགས་ཀྱི་སྐུ་ཕུང་ཞུ་འབུལ་ཞུ་ཡུལ་ཞིག་མིན་ནའང་། འདི་ལོའི་ཕྱི་ཟླ་ ༣  པའི་ཚེས་ ༡༧ ཉིན་རེབ་གོང་ཤ་སྦྲང་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་བསོད་ནམས་དར་རྒྱས་ལགས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་འདས་གྲོངས་ཕྱིན་པ་དེ་ཉིད་ཀྱི་སྐུ་ཕུང་གདོང་རྒྱལ་ལ་ཁ་ནས་ཞུགས་འབུལ་ཞུས་པ་ནི། རེབ་གོང་གི་ལོ་རྒྱུས་ནང་ས་གནས་འདིར་མི་སྐྱ་ཞིག་གི་སྐུ་ཕུང་ཞུགས་འབུལ་ཞུས་པ་ཐོག་མ་ཡིན་པ་དང་། དེ་རིང་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས་ཀྱི་སྐུ་ཕུང་གནས་འདི་ནས་ཞུགས་འབུལ་ཞུས་པ་ནི་ཐེངས་གཉིས་པ་དེ་ཆགས་ཡོད། འདི་ནི་མང་ཚོགས་ཀྱི་ངོས་ནས་དཔའ་བོ་ཁོང་ཅག་གི་མཛད་རྗེས་ལ་བླ་ན་མེད་པའི་གུས་བརྩི་ཞུས་པའི་རྣམ་པ་ཞིག་ཆགས་ཡོད་པར་འགྲེལ་བརྗོད་གནང་གི་འདུག

ས་གནས་ནས་འབྲེལ་ཡོད་ཁག་ཅིག་ནས་བརྗོད་གསལ་ལ། ཉེ་སྔོན་ནས་གཞུང་གི་ལས་ཁུངས་ཁག་གི་གློག་ཀླད་རིགས་དྲ་རྒྱའི་སྐུད་ལམ་དུ་ཐད་ཀར་མཐུད་སྦྱོར་མི་ཆོག་པ་དང་། དེ་བཞིན་དྲ་ལམ་དུ་གང་བྱུང་འཛུལ་ཞུགས་ཐད་དམ་དྲག་ཡོད་མུས་ཡིན་པ་དང་། དེ་རིང་ཉིན་རྒྱབ་ནས་རེབ་གོང་ལ་འབྲེལ་བ་བྱེད་ཁག་ཏུ་སོང་སྟེ། ད་ལྟའི་ཆར་གློག་ཀླད་དྲ་ལམ་ཆ་ཚང་བཀག་ནས་ཕྱི་ལོགས་སུ་འབྲེལ་བ་བྱེད་པར་བཀག་སྡོམ་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད།།

གནས་ཚུལ་ཁ་སྣོན།

གནས་ཚུལ་འབྱོར་གསལ་ལ། དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ཀྱི་ཕ་འབྲུག་ཐར་རྒྱལ་ནས། ༼ ངའི་བུ་འདི་ལྟར་གཞན་དོན་དུ་ཤི་སོང་བ་ཡིན་པས་་སྡུག་བསྔལ་བྱེད་ཀྱི་མེད། ཞི་ལིའི་ཡིད་ཚིམ་སོང་ནི་རེད། རེབ་གོང་གི་སེར་སྐྱ་ཡོངས་ཀྱིས་དེ་རིང་རྙོག་དྲ་གཞན་མི་བཟོ་རྒྱུ་རེ་བ་ཡིན་༽ ཅེས་དེ་རིང་སྐུ་ཕུང་ཞུགས་འབུལ་བྱ་ཡུལ་ནས་མང་ཚོགས་ལ་སེམས་གསོ་བྱས་ཏེ། སེར་སྐྱ་མང་ཚོགས་མིག་ཆུ་ཁྲོམ་ཁྲོམ་བཞུར་དགོས་པ་ཞིག་བཟོས་ཡོད་འདུག་ལ། དེ་བཞིན། ཆུ་མའི་རྒད་པོ་གསུམ་གྱིས་མང་ཚོགས་ལ་སེམས་གསོ་དང་འབྲེལ་བའི་གཏམ་བཤད་བྱས་ཡོད་ འདུག་ལ དེ་ཚོས་ཀྱང་འབྲུག་ཐར་རྒྱལ་གྱིས་བཤད་པའི་སྐད་ཆའི་ནང་དོན་དེ་བཤད་ཡོད་འདུག་པ་ དང་། དེའི་ནང་གི་རྒད་པོ་གཅིག་གིས། ༼ང་ལོ་བརྒྱད་ཅུར་འབུད་ལ་ཁད་ཡོད། ཚང་མས་ངའི་ཁ་ལེན་རྒྱུ་འདི་རེ་བ་ཡིན་༽ ཞེས་བཤད་རྗེས། ༼རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཕྱིར་མགྱོགས་པོར་ཕེབས་པར་སྨོན༽་ཞེས་ཀྱང་བཤད་ འདུག།

Share this:
༤༨ ཀློག་གྲངས།