བཀའ་སྤྱིས་གསོལ་བ་ཕུར་ཚུགས་སུ་འདེབས་རན་འདུག

ནམ་མཁའ།
ངས་དེ་རིང་འདིར་བརྗོད་པ་ལ་དྲ་གྲོགས་ཚོས་ཕྲན་ལ་བཀའ་བཀྱོན་དང་སྡིག་དམོད་ག་ཚོད་བྱས་ཀྱང་ཆོག  ངས་ཁྱེད་ཅག་གི་བསམ་ཚུལ་ལ་ཕྱོགས་གཉིས་ནས་དྭངས་ལེན་བྱེད་ཀྱི་ཡིན།

ང་ཚོ་ཆ་ཚང་གིས་མཁྱེན་གསལ་ལྟར་དེ་རིང་བར་དུ་བོད་མི་ག་ཚོད་ཅིག་གིས་རང་ལུས་མེ་སྲེག་བཏང་བའི་གྲངས་ཀ་ངས་འདིར་འབྲི་མི་དགོས་བར་ཤེས་སྲིད་རེད། ད་རུང་ཡང་འདི་ལྟར་མེ་སྲེག་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་ནམ། ཡང་ན་ལས་འགུལ་གྱི་ངོ་བོ་གཞན་ཞིག་ལ་བསྒྱུར་ཐབས་བྱེད་ཀྱི་རེད། དེ་མིན་མེ་སྲེག་ལས་འགུལ་མཚམས་འཇོག་བྱེད་ཐབས་ལ་འབད་ཀྱི་ཡིན། དྲི་བ་འདི་གསུམ་ནི་ང་ཚོ་བོད་མི་ཡོངས་ཀྱི་སེམས་རྩར་གཉར་བའི་དྲི་བ་ཞིག་ཡིན་སྲིད།

གལ་སྲིད་མུ་མཐུད་སྤེལ་ཚེ་དེ་དང་མཐུན་པའི་ནུས་འབྲས་ཞིག་ཐོན་ངེས་ཡིན་ནམ། འགྲིག་དང་མ་འགྲིག་གང་ཞིག་བཤད་དགོས་མིན་མི་ཤེས་ཀྱང་། ཚེ་སྲོག་མང་པོ་ཤོར་བའི་ས་བོན་ལ་དུས་ལ་བབ་པའི་འབྲས་བུ་ཞིག་ཐོན་དགོས་མོད། འོན་ཀྱང་འབྲས་བུའི་ཟུར་ཙམ་ཡང་གོ་ཐོས་མི་འདུག་ལ། དེ་རིང་རྒྱ་ནག་གི་ཚོགས་ཆེན་༡༨ པའི་གཏམ་བཤད་ཀྱི་ཚིག་འགོ་མཐོང་བས་འབྲས་བུ་ཞིག་ཐོན་ཐུབ་པའི་རེ་བ་ཕྲན་ལ་མི་འདུག་པས། རང་ལུས་མེར་སྲེག་འདི་མཚམས་འཇོག་བྱེད་དགོས་བའི་འབོད་སྐུལ་ལ་བཀའ་སྤྱིས་གསོལ་བ་ཕུར་ཚུགས་སུ་འདེབས་དགོས་པར་སྙམ།

རེད་ལགས། ངས་འདི་ལྟར་བཤད་ཚེ་ཀློག་མཁན་སྐོར་ཞིག་གིས་རྨོངས་བཤད་དང་འགན་མེད་པའི་གཏམ་གྱི་འགོ་འདི་ལྟར་བརྩམས་སྲིད། མཚམས་འཇོག་བྱེད་དགོས་ན་རྒྱ་ནག་གཞུང་ལ་བཤད་དགོས་ཅེས་ལན་དྲི་བ་དང་དོགས་པ་མེད་པའི་ཚིག་འཆལ་འགའ་འཕེན་སྲིད།

དེ་ལྟར་རེད། རང་ལུས་མེར་སྲེག་གི་ལས་འགུལ་འདི་ནི་ཧོའུ་ཅིན་ཐའོ་ཡིས་ལོ་བཅུའི་རིང་བཟུང་བའི་མེ་མདའི་སོ་ཁ་ནས་འབར་བ་ཡིན་པ་རྒྱ་གཞུང་མ་ཡིན་པའི་འཛམ་གླིང་མི་དམངས་ཀྱིས་མཁྱེན་ཡོད་ལ་ཁས་ལེན་ཡང་ཡོད།  ཡིན་ཡང་ང་རང་གཙོ་བྱས་བའི་ཕྱི་སྡོད་བོད་མི་ཚོས་རང་གི་ཕ་ཡུལ་དང་རང་གི་ནང་མི་ཞིག་ཡིན་ཚེ་ག་འདྲ་ཞིག་ཡིན་ནམ། ཞེས་རང་གི་སེམས་ཁམས་ལ་མྱོང་ཞོར་མཛུབ་མོ་བཅུ་བོ་བྲང་ལ་སྦྱར་སྟེ་བསམ་གཞིག་ཅིག་བྱེད་རོགས། ང་ཚོའི་གཞིས་ལུས་སྤུན་ཟླ་འདི་དག་གི་ཤུལ་ལུས་ཀྱི་ནང་མི་དང་དྭ་ཕྲུག་ཏུ་གྱུར་པའི་བུ་ཕྲུག་དགའ་སྡུག་སྐྱོ་གསུམ་བཤད་སའི་བཟའ་ཟླ་སོགས་ཀྱི་སེམས་ཁོང་གི་སྡུག་བསྔལ་འདི་དག་སུས་སེལ་ཐུབ་བམ།  ཁ་ཤས་ཀྱིས་བོད་ནང་གི་བོད་མི་ཚོའི་འགན་ལས་འདི་བྱས་དང་མ་བྱས་ཞེས་གཏམ་བཤད་ཀྱི་ཐོབ་ཐང་ང་ཚོ་ཕྱི་སྡོད་བོད་མི་སུ་ལ་ཡང་མེད་ཅེས་འདི་འདྲ་བསམ་སྲིད།  འདི་ལྟ་བུའི་བསམ་ཚུལ་ནི་བློ་གཟུ་བོར་གནས་བའི་གཏམ་བདེན་པ་ཞིག་ཡིན་མིན་ཕྲན་ལྟ་བུས་ཁ་ཚོན་གཅོད་དཀའ་བར་འདུག  རང་ལུས་མེར་སྲེག་གཏོང་དགོས་ཞེས་བོད་ཕྱི་ནང་གཉིས་ཀྱི་བོད་མི་སུས་ཀྱང་སྐུལ་སློང་བྱེད་མྱོང་མེད་ལ། དེ་འདྲའི་སྐུལ་སློང་ཞིག་བྱེད་པའི་སྤོབས་པ་སུ་ལ་ཡང་མེད་པ་བདེན་པ་ཡིན་པ་མ་ཟད། འདི་ནི་འཛམ་གླིང་གིས་མདུན་ནས་གསལ་པོར་བདེན་དཔང་ཡང་བྱེད་ཐུབ།

ཡིན་ཡང་རང་ལུས་མེར་སྲེག་གི་ལས་འགུལ་མཚམས་འཇོག་བྱེད་དགོས་བའི་འབོད་སྐུལ་ཞུས་ཚེ། རྒྱ་ནག་གཞུང་གིས་གཏམ་ཅི་ཞིག་བཤད་མིན་ལ་དོགས་ནས་ངག་བཅད་ནས་བསྡད་ཀྱང་རུང་། མ་བསྡད་ཀྱང་རུང་། རྒྱ་ནག་གཞུང་གིས་བོད་ནང་དོན་རྐྱེན་ཆེ་ཆུང་གང་ཞིག་བྱུང་ན་ཡང་ཁ་བྲལ་རིང་ལུགས་པ་ཏྰ་ལའི་རུ་ཚོགས་ཀྱིས་ངན་སྐུལ་བྱས་པ་རེད་ཅེས་འཛམ་གླིང་ཡོངས་སུ་བསྒྲགས་ཏེ་ལོ་ངོ་ལྔ་བཅུ་འདས་སོང་། ད་རུང་ཡང་མུ་མཐུད་ནས་རྒྱ་ནག་གཞུང་དང་ས་གནས་སྲིད་གཞུང་སོགས་སུ་ལག་པ་གཡས་སུ་མེ་མདའ་དང་གཡོན་ཏུ་གཡོ་ཐབས་ཀྱིས་ཕྱི་ཤུན་སྙིང་རྗེ་བོ་གཡོགས་བཞིན་ཡོད།  ཐ་ན་ཁ་སང་དེ་རིང་གི་རེབ་གོང་དང་རྔ་བ་ཁུལ་དུ་རང་ལུས་མེར་སྲེག་གི་གནས་ཚུལ་རྒྱ་ནག་ཀྲུང་དབྱངས་དབང་འཛིན་པ་ཚོས་ཤེས་ཡོད་མེད་ཡང་ཐེ་ཚོམ་རེད། དེ་ནི་ས་གནས་སྲིད་གཞུང་གི་འགོ་ཁྲིད་ཚོས་རྒྱ་ནག་དབུས་སྲིད་གཞུང་ལ་སོ་སོའི་ས་གནས་ཀྱི་དོན་རྐྱེན་མང་པོ་ཞིག་རྫུན་གཏམ་ཁོ་ནས་གཡོགས་བཞིན་ཡོད། དེ་ནི་ཁོང་ཚོའི་གོ་གནས་དང་ལག་ལེན་སྲིད་ཇུས་ལ་ཕྱི་ཤུན་མཛེས་པོ་རེ་གཡོགས་སྲོལ་རྒྱུན་འཇམ་དུ་སོང་བའི་རྟགས་རེད།

གལ་སྲིད་དེ་ལྟར་གསང་བ་མ་བྱས་ཚེ་ཁོང་ཚོའི་གོ་གནས་དང་ལས་གནས་ནས་གནས་དབྱུངས་བྱེད་པ་དང་། ཡང་ན་ཁོང་ཚོའི་ཐོག་ལ་སྐྱོན་ཞིག་སླེབས་པའི་དོགས་པའི་དབང་གིས་ནམ་ཡང་རྫུན་གྱི་གོང་བུ་དེར་དམའ་རིམ་ཞིང་གི་འགོ་ཁྲིད་ནས་དབུས་སྤྱི་ཁྱབ་བར་དུ་གོམས་སྲོལ་དུ་གྱུར་ཡོད།

གང་ལྟར་རྒྱ་ནག་མི་རིགས་སྤྱིའི་སེམས་ཁམས་སུ་སྐྱོན་གང་ཞིག་བྱུང་ན་ཡང་མི་གཞན་ཞིག་གི་སྟེང་འཇོག་ཐབས་བྱེད་པ་དང་།  རང་དང་གཞན་གཉིས་ལས་རང་གི་འདོད་པ་དང་བདེ་བ་གཙིགས་སུ་འཛིན་པ་མི་རིགས་འདིའི་བཅོས་མིན་གྱི་གཤིས་ཀ་དངོས་དེ་རེད།  དེ་ལྟར་ཡིན་དུས་རྒྱ་ནག་ནང་ཁུལ་ལ་སྐྱོན་གང་ཞིག་བྱུང་ན་ཡང་མི་ཞིག་གི་ཐོག་འཇོག་པ་མི་རིགས་འདིའི་འགྱུར་མེད་གོམས་གཤིས་རེད། དེ་ནི་ང་ཚོ་བོད་མི་ཚོས་གཞན་ཞིག་ལ་རེ་བཅོལ་བྱས་པ་དང་གཅིག་མཚུངས་སུ་མཆིས།  དེས་རྐྱེན་སྲིད་སྐྱོང་དང་ཚོགས་གཙོས་མེར་སྲེག་གི་ལས་འགུལ་མཚམས་འཇོག་བྱེད་དགོས་བའི་གསོལ་བ་ཕུར་ཚུགས་སུ་འདེབས་དགོས་བའི་དུས་ལ་སླེབས་པ་མ་ཟད། འཕྱི་དྲགས་འདུག  ཕྱི་སྡོད་བོད་མི་ཡོངས་ཀྱིས་རང་རང་གི་ས་གནས་སོ་སོ་ལ་ཡང་འབོད་སྐུལ་ཞུ་ཐབས་བྱེད་དགོས།

ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཀྱང་མཚམས་འཇོག་བྱེད་ཐབས་ལ་བླ་ཆེན་དཔོན་ཆེན་རིགས་བཅར་འདྲི་ཞུས་ན་ཆོག་མོད། འོན་ཀྱང་ཐབས་སྐྱོ་བ་ཞིག་ལ་སྲང་ལམ་ནས་ཡར་བསྒྲིགས་པའི་གསར་འགོད་པ་འདི་ཚོ་ནམ་ཡིན་ཡང་འཕྲུལ་ཆས་ཀྱི་མི་ལྟ་བུ་རྐྱང་རེད།  མི་རིགས་གཞན་ལ་བཅར་འདྲི་ཙམ་ཡང་བྱེད་མི་ཐུབ་པར་ཁོང་ཚོའི་ནང་ཁུལ་གྱི་ལས་རོགས་ཕན་ཚུན་ལ་བཅར་འདྲི་བྱེད་བཞིན་ཡོད་པས་བྱ་ཐབས་ཅི་ཞིག་ཡོད།  ང་ཡང་ཁྱེད་ཅག་བཞིན་ཁ་བཙུམ་ནས་མིག་ཆུ་གཏོང་ཞོར་བསྡད་ན་ཆོག་མོད། འོན་ཀྱང་ཁ་སང་དེ་རིང་མིག་ནས་མཆི་མ་ཡང་སྐམ་ཚར་འདུག་ལ།  ཁ་བཙུམ་ནས་འདུག་ཐུབ་མ་སོང་བས་དགོངས་འགལ་མེད་པར་ཞུ།

༨/༡༡/༢༠༡༢ལ་ཡོ་རུབ་ནས་བྲིས།

Share this:
༨༣ ཀློག་གྲངས།