སློབ་ཁྲིད་བྱེད་ཐབས་ཡར་རྒྱས་གཏོང་དགོས་ཀྱི་འདུག

cta_korkshopཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཟླ་འདིའི་ཕྱི་ཚེས་༡ ནས་ཉིན་༦ རིང་། སློབ་གྲྭ་ཁག་གི་ཚན་རིག་དགེ་རྒན་རྣམས་ལ་སློབ་ཁྲིད་ཐབས་ལམ་གསར་གཏོད་དང་འབྲེལ་བའི་ཟབ་སྦྱོང་ཞིག ས་རཱ་བོད་ཀྱི་མཐོ་སློབ་ཏུ་འཚོགས་ཡོད་པ་དང་། ཕྱི་ཚེས་༢ ཉིན་འདི་གའི་གསར་འགོད་པ་ཆེད་དུ་ཟབ་སྦྱོང་འཚོག་སར་བཅར་ཏེ་ཐེངས་འདིའི་ཟབ་སྦྱོང་དང་འབྲེལ་བའི་སྐོར་ལ་གནས་ཚུལ་རྒྱུས་ལོན་བྱས་ཡོད།

ཐེངས་འདིའི་ཟབ་སྦྱོང་ནང་ས་རཱ་མཐོ་སློབ་ཏུ་དགེ་འོས་སློབ་སྦྱོང་གནང་བཞིན་པའི་གཞི་རིམ་འོག་མའི་དགེ་འོས་སྦྱོང་བརྡར་བ་༡༩ དང། རྒྱ་གར་དང་བལ་ཡུལ་གྱི་བོད་པའི་སློབ་གྲྭ་ཁག་ནས་བཅར་བའི་དགེ་རྒན་༡༧ བཅས་ཁྱོན་དགེ་རྒན་༣༦ མཉམ་ཞུགས་གནང་ཡོད་པ་རེད།

gyaltsen_kཤེས་རིག་ཚན་རིག་སྡེ་ཚན་གྱི་ཤེས་ཡོན་འགན་འཛིན་རྒྱལ་མཚན་གྱིས་“ང་ཚོའི་ཟབ་སྦྱོང་འདིའི་མིང་ལ་གསར་བཏོད་སློབ་ཁྲིད་ཐབས་ལམ་གྱི་ཟབ་སྦྱོང་ཟེར་གྱི་ཡོད། དེའི་དམིགས་ཡུལ་གཙོ་བོ་དེ་ང་ཚོའི་སློབ་གྲྭ་ཁག་གི་ནང་སློབ་ཁྲིད་ཀྱི་ཐབས་ལམ་དེ་ཞེ་དྲག་གི་རྗེས་ལུས་ཡིན་པ་མཐོང་གི་ཡོད་རེད། དགེ་རྒན་མང་པོ་ཞིག་གིས་འཛིན་གྲྭའི་ནང་སློབ་ཁྲིད་བྱེད་སྐབས་སོ་སོས་མར་བཤད་རྐྱང་བྱེད་པ་ལས། སློབ་ཕྲུག་ཚོར་རིག་པའི་རྩལ་བེད་སྤྱོད་གཏོང་སའི་གོ་སྐབས་ཉུང་ཉུང་རེད། རྩ་བས་དགེ་རྒན་ཚོས་ཀྱང་གནད་དོན་དེ་འགྲིག་གི་མེད་པ་ཤེས་ཡོད་རེད། མང་ཆེ་བར་གོ་རྟོགས་ཡོད་རེད། ཡིན་ན་ཡང་ལག་ལེན་སྐབས་བེད་སྤྱོད་གཏོང་མཁན་དཀོན་པོ་ཆགས་ཡོད་རེད། དེར་བརྟེན། ད་རེས་ང་ཚོས་ཟབ་སྦྱོང་འདིར་ཨོ་སུ་ཊོ་ལི་ཡ་ནས་མཁས་དབང་གསུམ་གདན་འདྲེན་ཞུས་ཡོད། ཁོ་རང་ཚོས་ཉིན་བཞིའི་རིང་འཛིན་གྲྭའི་ནང་གསར་བཏོད་ཀྱི་སློབ་ཁྲིད་ཐབས་ལམ་སྐོར་ལ་སློབ་ཁྲིད་གནང་གི་ཡོད་རེད་ཅེས་”བརྗོད་སོང་།

ཡང་ཁོང་གིས“་རྩ་བས་ཟབ་སྦྱོང་ཚང་མ་གལ་ཆེན་པོ་རེད། ལྷག་པར་དུ་ཟབ་སྦྱོང་འདི་དམིགས་བསལ་གྱིས་གལ་ཆེན་པོར་མཐོང་གི་ཡོད། ཟབ་སྦྱོང་འདི་སློབ་ཁྲིད་ཀྱི་ཐབས་ལམ་དང་ཐད་ཀར་འབྲེལ་བ་ཡོད་པ་རེད།  ང་ཚོ་ནམ་རྒྱུན་སློབ་ཁྲིད་བྱེད་སྟངས་ཀྱི་ཐབས་ལམ་དེ་ལས་རྦད་དེ་ཐོན་དགོས་ཀྱི་འདུག ད་ལྟའི་ཆར་ང་ཚོའི་སློབ་ཕྲུག་མང་པོ་ཞིག་ལ་དཀའ་ངལ་ག་རེ་ཡོད་རེད་ཟེར་ན། སོ་སོ་རང་ངོས་ནས་གང་ཞིག་བྱ་རྒྱུའི་གོ་སྐབས་བསྐྲུན་པ་ཡིན་ན་ཡང་བྱེད་མ་ཐུབ་མཁན་ཆགས་ཡོད་རེད། ག་དུས་ཡིན་ན་ཡང་དགེ་རྒན་གྱི་བཀའ་ལ་སྒུག་དགོས་མཁན་ཞིག་ཆགས་ཡོད་རེད། དེ་བཞིན་དུ་དགེ་རྒན་གྱིས་གང་བཤད་པ་དེ་ངག་ཐོག་ལ་བཟུང་ནས་ཡིག་ཚད་ལ་ཡང་དེ་བེད་སྤྱོད་གཏོང་གི་ཡོད་པའི་བཟོ་འདྲ་བོ་ཡོང་གི་ཡོད་རེད། དེ་འདྲའི་བསམ་བློའི་ཁྱེར་སོ་དེ་ལས་མར་ཐོན་དགོས་ཀྱི་ཡོད་ན། ཁོ་རང་ཚོའི་སློབ་ཁྲིད་ཀྱི་ཐབས་ལམ་དེ་གལ་ཆེན་པོ་རེད། དེར་བརྟེན། ཟབ་སྦྱོང་འདི་དམིགས་བསལ་གྱིས་གལ་ཆེན་པོར་བརྩི་ཡི་ཡོད་”ཅེས་བརྗོད་སོང་།།

sonam_gangsangkཡང་ད་ལྟ་ས་རཱ་མཐོ་སློབ་ཏུ་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་གནང་བཞིན་པ་བསོད་ནམས་གང་བཟང་ལ། སློབ་ཁྲིད་ཀྱི་ཐབས་ལམ་སྐོར་གྱི་ཟབ་སྦྱོང་འདི་ག་འདྲ་འདུག ཁྱེད་རང་གིས་ཟབ་སྦྱོང་འདི་བརྒྱུད་ནས་བློ་སྐྱེད་གསར་པ་དེ་འདྲ་རག་སོང་ངམ་ཞེས་དྲིས་པར། ཁོང་གིས་“སྤྱིར་བཏང་ང་ཚོས་ཟླ་བ་མང་པོ་དང་ཉི་མ་མང་པོར་སྦྱངས་པ་ལས་ཟབ་སྦྱོང་ཉིན་ཁ་ཤས་རིང་སྤྲད་པ་ཡིན་ན་ཕན་ཐོགས་ཀྱི་འདུག གང་ཡིན་ཟེར་ན། ཕྱི་ལོག་ནས་མི་སྣ་སྐད་གཏོང་གི་ཡོད་རེད། ཁོང་ཚོས་ཀྱང་ཉིན་ཤས་ལས་མེད་ནའང། གྲ་སྒྲིག་ཡག་པོ་བྱས་འདུག དེ་བཞིན་མི་མང་པོ་ཞིག་གི་བསམ་ཚུལ་བསྡུ་ལེན་བྱེད་ཐུབ་ཀྱི་ཡོད་རེད། དེར་བརྟེན། ཟབ་སྦྱོང་འདི་ཡག་པོ་མཐོང་སོང། རྩ་བས་ཟབ་སྦྱོང་ག་ཚོད་མང་བ་དེའི་ཆོད་ཀྱིས་བསམ་བློའི་གནས་ཚད་ཡག་ཏུ་འགྲོ་ཡི་འདུག་”ཅེས་བརྗོད་བྱུང་།

ཡང་ཁོང་ལ་ཟབ་སྦྱོང་འདི་བརྒྱུད་ནས་དགེ་རྒན་ཚོའི་སློབ་ཁྲིད་ཀྱི་ཐབས་ལམ་གྱིས་འདང་གི་མེད་པ་དེ་འདྲ་མཐོང་སོང་ངམ་ཞེས་དྲིས་པར། ཁོང་གིས། “མཐོང་སོང། སྤྱིར་བཏང་ང་ཚོ་བོད་པའི་སྤྱི་ཚོགས་ནང་སློབ་ཁྲིད་བྱེད་སྟངས་དང་། ཕྱི་རྒྱལ་ཁག་གི་སློབ་ཁྲིད་བྱེད་སྟངས་ལ་ཁྱད་པར་ཡོད་པ་དང་། ང་ཚོའི་སློབ་ཁྲིད་ཐབས་ལམ་ལ་ནོར་འཁྲུལ་ཡོད་པ་མི་མང་ཆེ་བས་ཧ་གོ་ཡི་ཡོད་པ་རེད། དཔེར་ན། ང་ཚོའི་སྤྱི་ཚོགས་ནང་དགེ་རྒན་གང་ཞིག་གིས་ཁོ་རང་གིས་གང་ཤེས་པ་དེ། སློབ་ཕྲུག་ཚོར་བཤད་པ་རྐྱང་པ་བྱས་ནས་དུས་ཚོད་གཏོང་གི་རེད། ཡིན་ན་ཡང་། ཕྱི་རྒྱལ་གཞན་གྱི་དགེ་རྒན་ཚོས་དང་པོ་དགེ་ཕྲུག་ཚོར་བསླབས། དེ་རྗེས་དགེ་ཕྲུག་ཚོར་གང་བསླབས་པ་དེ་དག་གཅིག་པ་གཅིག་རྐྱང་བྱེད་འཇུག་གི་ཡོད་རེད། དཔེར་ན། pingpong ཟེར་བའི་རྩེད་མོ་དེ་རྩེད་སྐབས། ཕན་ཚུན་གཉིས་ཀ་ནས་ལག་པས་གཡུག་དགོས་ཀྱི་ཡོད་པ་བཞིན། དགེ་རྒན་གཅིག་པུས་བཤད་བསྡད་པ་མ་ཡིན་པར། དགེ་རྒན་དང་སློབ་ཕྲུག་གཉིས་ཀྱི་ངོས་ནས་ཕར་བཤད། ཚུར་བཤད་བྱེད་དགོས་པ་གལ་ཆེན་པོ་རེད་འདུག་”ཅེས་བརྗོད་སོང་།།

nyima_tseringkགྷོ་པལ་པུར་བོད་ཁྱིམ་སློབ་གྲྭའི་དགེ་རྒན་ཚེ་རིང་ཉི་མར། ཁྱེད་རང་ཚོས་ནམ་རྒྱུན་ང་ཚོའི་སྤྱི་ཚོགས་ནང་སློབ་ཁྲིད་བྱེད་ཕྱོགས་དང་། ཐེངས་འདིའི་ཟབ་སྦྱོང་སྤྲོད་མཁན་ཚོའི་སློབ་ཁྲིད་ཀྱི་ཐབས་ལམ་བར་ཁྱད་པར་འདུག་གམ་ཞེས་དྲིས་པར། ཁོང་གིས་“ང་ཚོའི་སྤྱི་ཚོགས་ནང་དགེ་རྒན་དེ་ཤེས་བྱ་ཚང་མ་ཤེས་མཁན་ཞིག་དང་། དགེ་ཕྲུག་དེ་ཚོས་གང་ཡང་ཤེས་ཀྱི་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཡིན་ན་ཡང་ཟབ་སྦྱོང་འདིའི་ནང་ལ་བལྟ་དུས་འོག་ནས་ཉན་མཁན་གྱི་སློབ་ཕྲུག་ཚོ་ཡིན་ན་ཡང་། གང་ཡང་མི་ཤེས་མཁན་མིན་པ་དང་གལ་ཏེ་ཤེས་ཀྱི་མེད་ན་ཡང་དགེ་རྒན་གཅིག་པུའི་ནུས་པར་བརྟེན་དགོས་ཀྱི་མེད་པར་ཁོ་རང་ཚོར་ཤེས་བྱེད་ཀྱི་ནུས་པ་ཡོད་རེད། དེར་བརྟེན། དགེ་རྒན་ཚོའི་ལས་འགན་དེ་ག་རེ་བྱེད་དགོས་པ་དང་། ག་འདྲ་བྱས་ནས་བྱེད་དགོས་ཀྱི་ཡོད་པ་དེ་རེད། ནམ་རྒྱུན་ང་ཚོའི་སྤྱི་ཚོགས་ནང་དགེ་རྒན་ཚོས་འཛིན་གྲྭའི་དུས་ཚོད་མང་ཆེ་བར་སོ་སོས་བཤད་ནས་དུས་ཚོད་གཏོང་གི་ཡོད་རེད། སློབ་ཁྲིད་ཀྱི་ཐབས་ལམ་དེ་ཉུང་དུ་བཏང་སྟེ་འཛིན་གྲྭའི་ནང་སློབ་ཕྲུག་ཚོའི་བསམ་བློའི་འགུལ་བསྐྱོད་བྱ་སའི་གོ་སྐབས་མང་པོ་སྤྲད་ཀྱི་འདུག དེ་གཉིས་ཀྱི་ཁྱད་པར་མཐོང་སོང་”ཞེས་བརྗོད་སོང་།

ཁོང་ལ་ཁྱེད་རང་ལ་དགེ་རྒན་གྱི་ཉམས་མྱོང་ཡོད་དུས་ང་ཚོའི་སྤྱི་ཚོགས་ནང་སློབ་ཁྲིད་བྱེད་ཕྱོགས་ཐད་ངེས་པར་དུ་ཡར་རྒྱས་གཏོང་དགོས་པ་དེ་འདྲ་མཐོང་སོང་ངམ་ཞེས་དྲིས་པར། ཁོང་གིས་“ང་རང་གིས་སློབ་ཁྲིད་བྱེད་སྐབས་ང་ཚོའི་སྤྱི་ཚོགས་ནང་སློབ་སྦྱོང་བྱེད་ཕྱོགས་ལ་ཡར་རྒྱས་གཏོང་དགོས་པ་མཐོང་གི་འདུག ཡིན་ན་ཡང་ངས་ད་ལྟའི་བར་ཡར་རྒྱས་ག་འདྲ་བྱས་ནས་གཏོང་དགོས་ཀྱི་ཡོད་པ་དེ་ཤེས་མ་སོང་། དཔེར་ན། དེང་སང་ང་ཚོའི་སྤྱི་ཚོགས་ནང་སློབ་ཕྲུག་ཚོར་སློབ་སྦྱོང་བྱེད་དགོས་པའི་བསྐུལ་མ་བཏང་ན་ཡང་། སློབ་སྦྱོང་གི་རིན་ཐང་ངོ་མ་དེ་ཤེས་ཀྱི་མེད་པའི་གནས་སྟངས་འདྲ་བོ་ཡོང་གི་འདུག དེར་བརྟེན། རྩ་བས་སློབ་སྦྱོང་གལ་ཆེན་པོ་ཡིན་པ་སློབ་ཕྲུག་ཚོས་ཤེས་ཀྱི་མེད་པ་དེ་ཤེས་ཐབས་ག་འདྲ་བྱེད་དགོས་ཀྱི་ཡོད་མེད་ཀྱི་ཐབས་ལམ་དེ་ད་ལྟའི་བར་རག་མ་སོང”ཞེས་བརྗོད་སོང་།

མཐར་ཁོང་ལ་ཁྱེད་རང་གིས་ཐབས་ལམ་འདིའི་ཐད་ཟབ་སྦྱོང་སྤྲོད་མཁན་གྱི་མཁས་དབང་ཚོར་སྐད་ཆ་འདྲི་རྒྱུ་བྱུང་མ་སོང་ངམ་ཞེས་དྲིས་པར། ཁོང་གིས་“ད་ལྟའི་བར་ངས་ཁོང་ཚོར་ཐབས་ལམ་དེའི་སྐོར་ལ་སྐད་ཆ་འདྲི་རྒྱུ་རག་མ་སོང། གང་ཡིན་ཟེར་ན། ད་ལྟ་ཁོང་ཚོས་འདིར་སློབ་སྦྱོང་སློབ་སྟངས་ཀྱི་ཐབས་ལམ་གྱི་ཐོག་སྐད་ཆ་མང་ཆེ་བ་བཤད་ཀྱི་འདུག ཡང་ངས་བརྗོད་གཞི་གསར་པ་ཞིག་གི་ཐོག་དྲི་བ་བཏང་བ་ཡིན་ན་འགྲིག་གི་མི་འདུག རྩ་བས་ངས་སྐད་ཆ་འདྲི་དགོས་བསམ་གྱི་ཡོད་”ཅེས་བརྗོད་སོང་། །

tashi_paldenkབལ་ཡུལ་སྤོག་ར་ནས་ཡིན་པའི་ཚན་རིག་དགེ་རྒན་བཀྲ་ཤིས་དཔལ་ལྡན་གྱིས། “ང་རང་ཡིན་ན་དགེ་རྒན་གསར་པ་ཞིག་ཡིན། ང་ཚོས་མ་འོངས་པ་ཡིན་ན་ཡང་དགེ་རྒན་ཚོས་སློབ་ཁྲིད་བྱེད་སྟངས་ཀྱི་ཟབ་སྦྱོང་འདི་འདྲ་སྤྲད་ཐུབ་ན་ཕན་ཐོགས་ཀྱི་རེད་བསམ་གྱི་ཡོད། ང་ཚོའི་སློབ་སྟངས་དང་ཁོང་ཚོའི་སློབ་སྟངས་རྦད་དེ་མི་འདྲ་བ་རེད་འདུག ཁོང་ཚོའི་སློབ་ཁྲིད་ཀྱི་ཐབས་ལམ་དེ་མ་འོངས་པར་ང་ཚོས་བེད་སྤྱོད་གཏོང་ཐུབ་ན་སློབ་ཕྲུག་ཚོར་ཕན་ཐོགས་ཡོང་ས་རེད་”ཅེས་བརྗོད་སོང་། །

 

tenxin_rapgyekབལ་ཡུལ་ནས་བཅར་བའི་གངས་ཅན་བདེ་རྩ་ཚོགས་པའི་ཤེས་ཡོན་འགན་འཛིན། བསྟན་འཛིན་རབ་རྒྱས་ལ་ཟབ་སྦྱོང་འདིར་དམིགས་བསལ་གྱིས་ཕན་ཐོགས་ཡོད་པ་དེ་འདྲ་མཐོང་སོང་ངམ་ཞེས་དྲིས་པར། ཁོང་གིས་“ངས་ཟབ་སྦྱོང་འདིར་ག་རེ་ཡག་པོ་མཐོང་སོང་ཞེ་ན། ཟབ་སྦྱོང་འདིར་སློབ་ཚན་ག་རེ་ཁྲིད་ཀྱི་ཡོད་ན་ཡང་དགེ་རྒན་ཚང་མས་བེད་སྤྱོད་གཏོང་ཐུབ་པའི་ཐབས་ལམ་སྤྲད་ཀྱི་འདུག དེ་དང་མཉམ་དུ་འཛིན་གྲྭ་འཁྲུག་པོ་བཟོ་ཡི་འདུག ང་ཚོའི་སྤྱི་ཚོགས་ནང་དགེ་རྒན་ཚོར་སེམས་ཤུགས་ཡོད་རེད། ཡིན་ན་ཡང་སློབ་ཁྲིད་ཀྱི་ཐབས་ལམ་ཡག་པོ་མེད་པར་བརྟེན། སློབ་ཕྲུག་ཚོར་ཡང་སློབ་སྦྱོང་གི་འདོད་པ་ཤུགས་ཆེན་པོ་ཡོང་གི་ཡོད་མ་རེད། དེར་བརྟེན། ད་རེས་ཀྱི་སློབ་སྦྱོང་གི་ཐབས་ལམ་འདི་ཚོ་ང་ཚོས་བེད་སྦྱོད་གཏོང་དགོས་ཀྱི་འདུག དེ་ཡང་ཐབས་ལམ་འདིར་འགྲོ་སོང་ཤུགས་ཆེན་པོ་གཏོང་དགོས་པ་དེ་འདྲ་རེད་མི་འདུག གཙོ་བོ་སློབ་ཁྲིད་ཀྱི་ཐབས་ལམ་མི་འདྲ་བ་བྱེད་ཀྱི་འདུག འཛིན་གྲྭའི་ནང་སློབ་ཕྲུག་ཚོར་སྐྱིད་པོ་བཟོ་དགོས་པ་དེ་ཡང་སློབ་ཁྲིད་ཀྱི་ཐབས་ལམ་ཞིག་རེད”ཅེས་དང་། མཐར་ཁོང་གིས་གངས་ཅན་བདེ་རྩ་ཚོགས་པའི་ཁྱབ་ཁོངས་འོག་བལ་ཡུལ་ནང་སློབ་གྲྭ་༡༢ ཡོད། སློབ་གྲྭ་དེ་དག་གི་ནང་སློབ་ཕྲུག་༢༥༥༣ དང་དགེ་རྒན་༢༥༣ ཡོད་སྐོར་ཡང་བརྗོད་བྱུང་།

བལ་ཡུལ་གྱི་བོད་མི་སྐྱབས་བཅོལ་པའི་བུ་ཕྲུག་རྣམས་ལ། བཙན་བྱོལ་བོད་གཞུང་གིས་སྒྲིག་འཛུགས་འདིའི་ཐོག་ནས་སློབ་སྦྱོང་གནང་བཞིན་ཡོད་པ་རེད།།

tenxin_pasang_kད་ལྟ་ས་རཱ་མཐོ་སློབ་ཏུ་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་བྱེད་བཞིན་པ་བསྟན་འཛིན་པ་སངས་ལ་ནམ་རྒྱུན་ང་རང་ཚོའི་སློབ་ཁྲིད་ཀྱི་ཐབས་ལམ་དང་། ཟབ་སྦྱོང་འདིའི་སློབ་ཁྲིད་ཀྱི་ཐབས་ལམ་གཉིས་ཀྱི་བར་ཁྱད་པར་འདུག་གམ་ཞེས་དྲིས་པར། ཁོང་གིས་“ཁྱད་པར་འདུག ང་ཚོའི་སློབ་གྲྭའི་ནང་དགེ་རྒན་གྱིས་གང་བཤད་པ་དེ་ངག་སྐྱོར་གཏོང་བ་མ་གཏོགས། སློབ་ཕྲུག་རང་ངོས་ནས་གསར་པ་ཤེས་ཐབས་ཀྱི་བསམ་བློ་གཏོང་མཁན་མི་འདུག་ལ། སློབ་ཕྲུག་རང་ངོས་ནས་སློབ་སྦྱོང་གི་ཐོག་བསམ་བློ་ཤུགས་ཆེན་པོ་གཏོང་མཁན་དཀོན་པོ་རེད། དེར་བརྟེན། ང་ཚོའི་སྤྱི་ཚོགས་ནང་སློབ་ཕྲུག་ཚད་ལྡན་དེ་འདྲ་མ་ཐོན་པའི་རྒྱུ་མཚན་དེ་རེད་བསམ་གྱི་ཡོད། ཟབ་སྦྱོང་འདིར་ཁོང་ཚོས་མ་འོངས་པར་ང་ཚོས་སློབ་ཁྲིད་ག་འདྲ་བྱེད་དགོས་ཀྱི་ཡོད་མེད་དང་། སློབ་ཕྲུག་ཚོར་ཞིབ་འཇུག་བྱེད་སྟངས་ཀྱི་ཐོག་སློབ་ཁྲིད་བྱེད་ཀྱི་འདུག ང་རང་གིས་ཟབ་སྦྱོང་འདིར་མ་འོངས་པར་ང་ཚོས་སློབ་ཕྲུག་ཚོར་གོ་སྐབས་གང་མང་སྤྲད་དགོས་ཀྱི་ཡོད་པ་དེ་ཤེས་སོང་། ཟབ་སྦྱོང་འདི་གལ་ཆེན་པོ་མཐོང་སོང་”ཞེས་བརྗོད་སོང་།།

Share this:
༢༨༡ ཀློག་གྲངས།