མོས་རང་སྲེག་ལས་འགུལ་ནི་བོད་སྤྱིའི་དོན་དུ་ཡིན་ཞེས་གསུངས།

tamdon_tso_rabkongཟླ་འདིའི་ཚེས་༧ ཉིན་བོད་མདོ་སྨད་རེབ་གོང་མདོ་བ་ཡུལ་ཚོ། སྒྲོ་རོང་པོ་སྡེ་པའི་རྟ་མགྲིན་མཚོས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་པ་དང་། དེ་རྗེས་མོའི་ནང་དུ་གདུང་སེམས་མཉམ་བསྐྱེད་ཆེད་མི་མང་རྒྱ་ཕྲག་མང་པོར་ཕེབས་དང་ཕེབས་བཞིན་ཡོད་འདུག

བསོད་ནམས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྟ་མགྲིན་མཆོའི་ནང་དུ་བོད་མི་ཧ་ཅང་མང་པོ་གདུང་སེམས་མཉམ་བསྐྱེད་བྱེད་དུ་ཡོང་གི་ཡོད་པ་དང་། ནང་མིས་གུར་བརྒྱབ་སྟེ་ཁོང་ཚོར་སྣེ་ལེན་བྱེད་ཀྱི་ཡོད་འདུག སྐབས་དེར་༧རྒྱལ་གཅེས་དཔའ་མོ་རྟ་མགྲིན་མཚོའི་ཨ་ཕས་དེར་ཕེབས་པའི་མགྲོན་པོ་ཞིག་ལ་ཁོང་གི་བུ་མོའི་སྐོར་གསུང་དོན། “མོས་རང་ལུས་མཆོད་མེ་རུ་ཕུལ་བ་ནི་བོད་སྤྱིའི་དོན་དུ་ཡིན་པ་ལས། རྒྱུ་རྐྱེན་གཞན་གང་ཡང་མེད་ལ། མོར་བསམ་བློ་འདི་འདྲ་ཞིག་སྐྱེས་པའི་རྒྱུ་རྐྱེན་གཙོ་བོ་ནི། ཟླ་གཅིག་མ་ཟིན་ཙམ་གྱི་སྔོན་ལ་ངེད་ཕ་བུ་གཉིས་མདོ་བ་ཡུལ་ཚོའི་ཐོག་ལ་སོང་བ་ཡིན། ཏག་ཏག་ཉིན་དེར་རེབ་གོང་རྫོང་གི་དམར་ཕྱོགས་ཚོགས་པའི་དྲུང་ཆེ་ཧྲུའུ་ཁྲིན་ཟེར་བ་དེ་མདོ་བ་ཡུལ་ཚོར་བསྐྱོད་སྐབས། ༧རྒྱལ་བ་རིན་པའི་རིན་པོ་ཆེའི་སྐུ་པར་ཚོང་ཁང་དུ་བཙོང་མི་ཆོག་པ་དང་ཁྱིམ་ཚང་ནང་ཉར་མི་ཆོག་པའི་སྲིད་ཇུས་ངན་པ་ལག་བསྟར་བྱས་པ་དང་། ཡུལ་ཚོའི་སྲིད་གཞུང་གི་སྒོར་ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་ཟེར་བ་སོགས་ཀྱི་སྦྱར་ཡིག་སྦྱར་འདུག ད་དུང་སྲང་ལམ་ཀུན་ཏུ་མི་རྣམས་ཁྲོམ་སྐོར་བྱས་ཏེ་ཁ་གཡང་སྒྲོགས་བཞིན་འདུག སྐབས་དེར་ཁོང་མོས་གདོང་ལ་སྐྱོ་བའི་ཉམས་ཤར་བཞིན་ང་ལ་ཡང་དང་བསྐྱར་དུ། ཨ་ཕ། འུ་ཚོ་བོད་འདི་ཅིག་དཀའ་གི། རྒྱལ་བོ་རིན་པོ་ཆེའི་སྐུ་པར་ཡང་བཤམ་མི་ཆོག་ན་ངོ་མའི་རང་དབང་ཞིག་མི་འདུག་ཅེས་དང་། ཡང་དགོང་མོར་ནང་ལ་ཡོང་ནས་མོས་ཡང་དང་བསྐྱར་དུ་དེ་ལྟར་བཤད་སོང་། དེ་ནས་བཟུང་མོས་དཀར་ཟས་ལ་བརྟེན་པ་དང་སྨྱུང་གནས་ལའང་མང་པོ་བསྡད་སོང་། ངས་མོའི་ལུས་ཕུང་བདེ་ཐང་ཆེད་ཡང་དང་བསྐྱར་དུ་ཤ་ཟ་དགོས་པར་སྐུལ་བྱས་ཀྱང་། མོས་དམར་ཟས་ཟོས་མ་སོང་”ཞེས་གསུངས་འདུག

tamdon_tso_rabkong1ཨ་ཕས་མུ་མཐུད་གསུང་དོན། “ཉིན་འགའི་སྔོན་ལ་མོའི་ཐེངས་ཁ་ཤས་སུ། ཨ་ཕ་ང་རང་རེབ་གོང་རོང་བོར་གཅིག་འགྲོ་དགོས་ཟེར་ཡང་ངས་མོ་ལ་ཁྱིམ་གྱི་ལས་ཀ་བྲེལ་འཚུབ་ཆེ་བས་མ་འགྲོ་བཤད་པ་ཡིན། ཁ་སང་ཁེ་ཉིན་ཕྱི་ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན་ཁྱིམ་དུ་ཁོ་མོའི་མིང་པོ་དང་མོ་གཉིས་ཡོད་མོད། མིང་པོའི་ནོར་ཟོག་རི་མགོར་དེད་ཤུལ་དུ་ཁོ་མོས་ཁང་བའི་ནང་གད་བདར་བྱས་པ་དང་མཆོད་ཁང་ནང་རྒྱལ་བ་རིན་པོ་ཆེའི་སྐུ་པར་མདུན་མཆོད་པ་བཤམས་པ་མ་ཟད།བསྔོ་སྨོན་སྐྱབས་འཇུག་ཡང་ཤུགས་དྲག་བྱས་ཡོད་པ་འདྲ། ཕྱིའི་རྭ་སྐོར་དུ་ཡོད་པའི་འཕྲུལ་རྟའི་སྣུམ་སྒམ་ལས་རྡོ་སྣུམ་བླངས་ཏེ་སྒོ་ཕྱི་རོལ་དུ་མེར་སྲེག་གིས་རང་ལུས་མཆོད་མེ་རུ་ཕུལ་འདུག  ཁོ་མོ་ངའི་ཁྱིམ་གྱི་གཅེས་མ་གཅིག་པུ་ཡིན། མོ་རང་སྐྱེས་ནས་ད་ལྟའི་ངས་ཐལ་ལྕག་གཅིག་ཀྱང་གཞུས་མ་མྱོང་།མག་པ་བཞག་ཀྱང་མོའི་འདོད་བློ་ལྟར་བྱེད་པ་ལས་ངས་ཐེ་གཏོགས་གཅིག་ཀྱང་བྱེད་མ་མྱོང་། དེའི་ཕྱིར་མོ་རང་ང་དང་འདི་ལྟར་གློ་བུར་ཁ་བྲལ་བ་ནི་ང་ལ་མཚོན་ན་ཡ་ཆུང་ཁོང་སྙིང་ཕྱུངས་པ་དང་ཁྱད་མི་འདུག་མོད། ཡིན་ནའང་མོ་རང་གི་ལམ་ཁ་འདི་འདྲ་ཞིག་བདམས་པ་འདི་ནི་བོད་མི་སྤྱིའི་དོན་དང་རྒྱལ་བ་པཎ་ཆེན་གཉིས་ཀ་གདན་སར་མྱུར་ཏུ་བྱོན་རྒྱུའི་དོན་དུ་ཡིན་ཕྱིར། ངས་ཀྱང་བསམ་བློ་མང་པོ་གཏོང་གི་མེད་པར་མོའི་བྱ་བའི་མགོ་མཇུག་བར་གསུམ་ཀུན་ལ་རྗེས་སུ་ཡི་རངས་བྱེད་ཀྱི་ཡོད།  དེའི་ཕྱིར་ཁྱེད་རྣམ་པས་ཀྱང་མོ་རང་གི་སྨོན་ལམ་ཇི་ལྟ་བ་བཞིན་འགྲུབ་རྒྱུར་འབད་བརྩོན་དང་སྐྱབས་འཇུག་ཞུ་རྒྱུ་དང་། དེར་མ་ཟད་ངའི་བུ་མོ་འདི་མ་འོངས་པར་ཆོས་སྲིད་རང་དབང་གཙང་མའི་སྐལ་བ་བཟང་པོར་ལོངས་སྤྱོད་པའི་གངས་ཅན་བོད་ཡུལ་དུ་དལ་འབྱོར་གྱི་རྟེན་བཟང་རིན་པོ་ཆེ་བླངས་ཏེ་༧རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞལ་གསུང་མཇལ་བའི་བསྔོ་སྨོན་སྐྱབས་འཇུག་རྣམ་པར་དག་པ་གནང་རྒྱུ་མཁྱེན་”ཞེས་གསུངས་ཡོད་པ་རེད།།

http://www.tibetexpress.net/bo/home/2010-02-04-05-37-19/9590-2012-11-07-16-43-23

Share this:
༡༤༦ ཀློག་གྲངས།