ཉིན་ཐོ། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༨ ཉིན། རེས་གཟའ་ཕུར་བུ།

            ངས་ཉིན་ཐོ་མ་བྲིས་ནས་ཉིན་མང་པོ་ཞིག་ཕྱིན་ཡོད་ལ། རྩིས་འཕྲུལ་ཡང་སྒོ་མ་ཕྱེ་ནས་དེ་རིང་བར་ཉིན་གཉིས་འགོར། དེ་རིང་ཞོགས་པར་རྩིས་འཕྲུལ་སྒོ་ཕྱེ་ནས་དྲྭ་རྒྱ་ཁག་ལ་ལྟ་ཉུལ་ཞིག་བྱས་པ་དང་། ཟླ་འདིའི་ཚེས་ ༧ དང་ ༨ པ་བཅས་ཉིན་གཉིས་ཀྱི་ནང་བྱུང་བའི་གསར་འགྱུར་འདི་དག་གིས་ང་ལ་འཇིག་རྟེན་གྱི་ཁམས་འདི་ནི་ཇི་འདྲའི་ཆ་མི་སྙོམ་པའི་སྤྱི་ཚོགས་ཤིག་ཡིན་པ་ར་སྤྲོད་བྱུང་། རེས་གཟའ་ཕུར་ལགས། ངས་ཁྱེད་ལ་གནས་ཚུལ་དེའི་སྐོར་ལ་འགྲེལ་བཤད་ཐུང་ཐུང་ཞིག་བྱེད།

    ཕྱི་ཚེས་ ༧ ཉིན་འཛམ་གླིང་གི་མི་མང་གིས་དྲྭ་རྒྱ་དང་། བརྙན་འཕྲིན། གསར་ཤོག་སོགས་སུ་མིང་ཟུང་ཅེར་ནས་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་སུ་ལ་ཐོབ་མིན་ལ་བལྟས་འདུག དེ་ནས་ཅིང་མ་འགོར་བར་སྐུ་ཞབས་ཨོ་མ་བྷ་མར་སླར་ཡང་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ནས་ཨ་རིའི་མི་མང་དང་། འཛམ་གླིང་གི་མི་མང་གིས་དགའ་བསུའི་འབོད་སྒྲ་བསྒྲགས་བྱུང་ལ། ང་ཚོ་བོད་མི་རིགས་ཀྱི་སྐྱབས་མགོན་༸གོང་ས་སྐྱབས་མགོན་རིན་པོ་ཆེས་ཀྱང་སྲིད་འཛིན་ཨོ་བྷ་མར་དགའ་བསུའི་འཚམས་འདྲི་ཞུས་པ་བསྒྲགས་ད་ལྟ་བོད་ནང་གི་བོད་མི་ཚོས་བསྟུད་མར་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་བྱུང་དང་འབྱུང་བཞིན་པའི་ཛ་དྲག་གི་གནས་སྟངས་འོག ཨོ་བྷ་མའི་སྲིད་གཞུང་ནས་གཉིས་སྨན་གྱི་ཐབས་ལམ་དེར་མུ་མཐུད་རྒྱབ་སྐྱོར་གནང་ཐུབ་རྒྱུའི་རེ་བ་ཞུས་སོང་། དབུས་བོད་མིའི་སྒྲིགས་འཛུགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་ཨ་རིའི་སྲིད་འཛིན་ཨོ་བྷ་མར་འཚམས་འདྲི་ཞུས་སྟེ། སྐུ་ཉིད་ཀྱི་སྲིད་གཞུང་གིས་ཨ་རིའི་ཆབ་སྲིད་ཀྱི་འཛིན་སྐྱོང་ཐོག་ནུས་པ་ཡག་ཤོས་དེ་ད་ལྟ་འདོན་རྒྱུ་ཡིན། ཞེས་འགྲེལ་བརྗོད་གནང་བ་བཞིན་ང་ཚོས་འབྱུང་འགྱུར་བོད་དོན་ཐོག་ལའང་སྔར་བས་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུའི་འབོད་སྐུལ་ཞུས་པ་རེད། དེ་ལྟར་འཛམ་གླིང་གི་དབུ་ཁྲིད་དང་གྲགས་ཅན་མི་སྣ་ཚང་མས་དགའ་སྤྲོའི་འཚམས་འདྲི་ཞུ་རེས་བྱས་ཡོད་པ་རེད།

       རྒྱ་ནག་ཏུ་ཏང་གི་ཚོགས་ཆེན་ ༡༨ པའི་ཚོགས་ཆེན་ཚོགས་རྒྱུར་གྲ་བསྒྲིགས་བྱེད་ཀྱི་ཡོད་པ་དང་། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་སོགས་སུ་བོད་རིགས་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ ༡༨ “སྒོར་བྲོའི་གར་སྟབས་འགྱུར་བཞིན་ལོ་ལེགས་ཀྱི་གླུ་དབྱངས་བླངས་ནས་ཏང་གི་ཚོགས་ཆེན་༡༨པ་སྐོང་འཚོག་བྱ་རྒྱུར་བསུ་བ་ཞུས་ནས་མི་རྣམས་ནས་ཏང་ལ་བཅངས་པའི་དགའ་ཞེན་མཚོན་པར་བྱེད་ཀྱི་ཡོད་པ་རེད།”ཅེས་སོགས་བསྒྲགས་ཡོད་པ་དང་།  ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བའི་ནང་  ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧོང་ལའེ་ཡིས་ཟླ་འདིའི་ཚེས་༥ ཉིན་པེ་ཅིང་ནས། “ཏཱ་ལའི་བླ་མ་ནི་ཆོས་ལུགས་ཀྱི་ཕྱི་གོས་མནབས་ནས་ནམ་རྒྱུན་ཀྲུང་གོ་ཁ་བྲལ་དུ་གཏོང་བའི་བྱེད་སྒོ་སྤེལ་བའི་ཆབ་སྲིད་འཁྱམས་པོ་ཞིག་ཡིན། ཏཱ་ལའི་བླ་མའི་རྒྱལ་སྤྱིའི་བྱ་འགུལ་གྱི་དམིགས་འབེན་གཙོ་བོ་ནི་རྒྱལ་སྤྱིའི་ཀྲུང་རྒོལ་སྟོབས་ཤུགས་དང་ངན་འབྲེལ་བྱས་ནས་ཀྲུང་གོ་ཁ་བྲལ་དུ་གཏོང་བའི་བྱེད་སྒོ་སྤེལ་ནས་ཀྲུང་གོ་དང་འབྲེལ་ཡོད་རྒྱལ་ཁབ་བར་གྱི་འབྲེལ་བར་གཏོར་བརླག་བྱེད་རྒྱུ་དེ་རེད་”ཅེས་༸གོང་ས་མཆོག་ལ་ངོ་རྒོལ་དང་མཚན་སྨོད་བྱས་ཏེ་བོད་ཕྱི་ནང་གི་བོད་མི་ཚོའི་སྙིང་ལ་དུག་མདའ་ཕོགས་པ་ལྟ་བུའི་ན་ཟུག་བླངས་སོང་།

       འཛམ་གླིང་གི་ཡང་རྩེ་རུ་འབོད་པའི་ངའི་ཕ་ཡུལ་སྟེ་བོད་གངས་ཅན་ལྗོངས་ནས་རྒྱལ་གཅེས་དཔའ་བོ་ཕོ་མི་གྲངས་ལྔས་རང་ལུས་བདེན་པའི་མེ་ལྕེའི་རླབས་སུ་བསྟིམ་བཞིན་༸གོང་ས་མཆོག་བོད་གདན་ཞུ་དགོས་པའི་འབོད་སྒྲ་སྒྲགས་སོང་བ་དང་། རྒྱལ་གཅེས་དཔའ་བོ་དེ་དག་གི་ཁྲོད་ནས་ཨ་མདོ་རེབ་གོ་རོང་པོ་ནས་ཡིན་པའི་རྒྱལ་གཅེས་དཔའ་མོ་རྟ་མགྲིན་མཚོའི་སྐུ་ཕུང་གི་སྙེས་མགོར་གོང་ས་མ་ཆོག་དང་། སྲིད་སྐྱོང་བློ་བཟང་སེང་གེ བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་བཅས་ཀྱི་འདྲ་པར་ཞིག་བཤམ་ནས་གཞིས་ལུས་བོད་མིའི་སེམས་ཀྱི་རེ་བ་མཚོན་འདུག སེམས་པ་ལྷོང་ལྷོང་པོར་གྱུར་བའི་ང་ནི་སྙིང་ནད་ཀྱིས་ཟིན་པའི་སྨྱོན་པ་ལྟ་བའི་གནས་སུ་ལྷུང་ཞིང་། མར་བསྡད་ན་སྡོད་མི་ཚུག་པ་དང་ཡར་ལང་འགྲོ་ས་ཡང་མེད་པ་ལྟ་བའི་ཇི་བྱ་སྟོལ་མེད་ཀྱི་གནས་སུ་གྱུར།

        བཙན་བྱོལ་དུ་བོད་མི་མང་སྤྱི་འཐུས་ཀྱིས་ཏང་གི་ཚོགས་ཆེན་ ༡༨ པའི་ཐོག་དོན་ཚན་བཞི་ཅན་གྱི་འབོད་སྐུལ་ཞིག་ཞུས་ནས།   བོད་ས་ཁྱོན་ཡོངས་ནས་རྒྱ་ནག་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་བྱུས་ལ་རང་བསྲེགས་ཀྱི་ངོ་རྒོལ་བྱས་དང་བྱེད་བཞིན་པ་འདི་འཚེ་མེད་ཞི་བའི་ལས་འགུལ་ཚད་མཐོ་ཤོས་ཤིག་ལ་ངོས་འཛིན་ཞུས་ཡོད་པ་དང་།  ཏང་གི་ཚོགས་ཆེན་ ༡༨ པའི་ཐོག་བོད་མིས་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པའི་གནད་དོན་སྐོར་གླེང་སློང་དང་། དོན་རྐྱེན་དེ་ཡོང་དགོས་པའི་རྒྱུ་རྐྱེན་གང་ལ་ཐུག་པར་ཞིབ་འཇུག་མཐིལ་ཕྱིན་གནང་སྟེ།  བོད་ཐོག་བོད་མིའི་མངོན་འདོོད་དང་མཐུན་པའི་སྲིད་བྱུས་ཡང་དག་པ་ཞིག་གཏན་འབེབས་གནང་ཐུབ་པའི་རེ་སྐུལ་ཞུས་ཡོད་པ་རེད། ཡིན་ནའང་། བཙན་བྱོལ་ནང་གི་ཆབ་སྲིད་ཉམས་ཞིབ་པ་ཚོས་ཏང་གི་ཚོགས་ཆེན་ ༡༨ པ་བརྒྱུད་ནས་བོད་མིའི་མངོན་འདོད་དང་མཐུན་པའི་གྲུབ་འབྲས་ཤིག་འབྱུང་མི་སྲིད་པའི་འགྲེལ་བཤད་བྱེད་ཀྱི་འདུག

       ཕྱི་ཚེས་ ༨ ཉིན་རྒྱ་ནག་ཏུ་ཏང་གི་ཚོགས་ཆེན་ ༡༨ པ་དངོས་སུ་འགོ་འཛུགས་བྱས་ཡོད་པ་དང་། བོད་ནང་དུ་མུ་མཐུད་དུ་རང་ལུས་མེར་བསྲེག་པ་དང་མི་མང་འདུ་འཛོམས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་ལ། བཙན་བྱོལ་དུ་སྔོ་སྨོན་མཆོད་བུལ་དང་། སྐད་འབོད་ཁྲོམ་སྐོར་སོགས་བྱེད་བཞིན་ཡོད་པ་རེད། མ་ཚད་དབུས་བོད་མིའི་སྒྲིགས་འཛུགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་དེ། རྒྱ་གཞུང་གིས་ད་ལྟ་བོད་ནང་གི་བོད་མིའི་ངོ་རྒོལ་གྱི་རྒྱབ་ཏུ་བཙན་བྱོལ་བོད་མིའི་མགོ་ཁྲིད་ཀྱི་ངན་སྐུལ་ཡོད་པའི་བསྙོན་འཛུགས་ལ་སྐྱོན་བརྗོད་དང་། བོད་ནང་གི་ཛ་དྲག་གནས་བབ་སེལ་རྒྱུའི་འགན་ཡོངས་རྫོགས་རྒྱ་གཞུང་ལ་ཡོད་པ། བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གཞུང་གི་སྐུ་ཚབ་དང་རྒྱལ་སྤྱིའི་རང་དབང་ཅན་གྱི་ཚོགས་སྡེ་གང་རུང་ངྷ་སའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་ཞིབ་འཇུག་གིས། བོད་ནང་གི་བོད་མིའི་ངོ་རྒོལ་གྱི་རྒྱབ་ན་བཙན་བྱོལ་བོད་མིའི་མགོ་ཁྲིད་ཚོ་ཡོད་པར་བསྙོན་འཛུགས་བྱེད་བཞིན་པ་དེ་བདེན་པ་ཡིན་མིན་ཞིབ་འཇུག་ར་སྤྲོད་བྱ་རྒྱུར་དགའ་བསུ་ཡོད་པར་བསྒྲགས། སྲིད་སྐྱོང་པ་བློ་བཟང་སེང་གེ་མཆོག་གིས་ “ང་ཚོའི་ངོས་ནས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་མཇུག་སྒྲིལ་པ་ཡིན་ན། བོད་མིའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ཡང་མཚམས་འཇོག་ཡོང་རྒྱུར་མཐའ་གཅིག་ཏུ་ཡིད་ཆེས་བྱེད་ཀྱི་ཡོད་”ཅེས་གསུངས་གདེང་ཚོད་ཆེན་པོས་བསྒྲགས་འདུག

གོང་དུ་ངས་འཛམ་གླིང་དང་རྒྱ་ནག། བོད་ནང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་བཅས་ཀྱི་གནས་ཚུལ་སྐོར་ལ་རོགས་ཙམ་བལྟས་རྗེས་རང་ཉིད་ལ་འཇིག་རྟེན་འདིའི་ཀུ་རེ་རྩེ་བཞིན་ཡོད་པ་མིན་ནམ་སྙམ་པའི་ཚོར་བ་ཞིག་ཀྱང་བྱུང་།

ད་ནི་ང་ཉལ་སའི་ནང་འགྲོ་རྒྱུ་ཡིན། རེས་གཟའ་ཕུར་བུ་ལགས། གཟུམ་ས་བདེ་མོ་ཞུ།

ནགས་ཕྲན་པ་བསོད་ནམས་ཚེ་རིང་ནས།

Share this:
༢༤༧ ཀློག་གྲངས།