ས་ཡོམ་གྱིས་འབར་མའི་ནང་མི་༡༢་རྐྱེན་ལམ་དུ་བཏང་འདུག

ཟླ་འདིའི་ཕྱི་ཚེས་༡༢ ཉིན་གྱི་ཞོགས་པའི་ཆུ་ཚོད་༧ དང་སྐར་མ་༤༢ ལ་འབར་མའི་ནང་། ས་ཡོམ་རིམ་པ་༦་༨ ཅན་ཞིག་བརྒྱབ་ནས་མི་༡༢ རྐྱེན་ལམ་དུ་བཏང་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༢ ཉིན་གྱི་མཚན་མོའི་ཆུ་ཚོད་༡།༥༣ ཐོག་རིམ་པ་༤ ཅན་གྱི་ས་ཡོམ་ཞིག་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཀང་རཱ་རྫོང་ཁུལ་དུ་བརྒྱབ་ཡོད་སྐོར་རྒྱ་གར་གནམ་གཤིས་བརྟག་དཔྱད་ལས་ཁུངས་ནས་བརྗོད་ཡོད་པ་དང་། ས་ཡོམ་གྱི་གཏིང་ཚད་སྤྱི་ལེ་༥ ཐམ་པ་ཡིན་པ་གནམ་གཤིས་བརྟག་དཔྱད་ཁང་གིས་གསལ་བཤད་བྱས་འདུག

དེ་བཞིན་ཕྱི་ཚེས་༡༢ ཉིན་གྱི་ཞོགས་པའི་ཆུ་ཚོད་༧ དང་སྐར་མ་༤༢ ལ་འབར་མའི་ནང། ས་ཡོམ་རིམ་པ་༦་༨ ཅན་ཞིག་རྒྱབ་ནས་མི་༡༢ རྐྱེན་ལམ་དུ་བཏང་བ་དང་། མི་གྲངས་༦༤ ཙམ་ལ་རྨས་སྐྱོན་དང་། ཆོས་ལུགས་ཀྱི་ལྟེ་གནས་ཁང་༢༡ དང་།  གཞུང་ལས་ཁང་༤༨། སློབ་གྲྭ་༤ དེ་བཞིན་ཁྱིམ་གཞི་༡༠༢ ་གཞན་ཡང་ཟམ་པ་དང་ཁང་བརྩེགས་སོགས་ལ་གཏོར་སྐྱོན་ཚབས་ཆེན་བྱུང་ཡོད་སྐོར་གསར་ལམ་ཁག་ཏུ་ཐོན་འདུག

ཡང་ཕྱི་ཚེས་༡༡་ཉིན་གྷོ་ཏེ་མཱ་ལཱའི་རྒྱལ་ཁབ་ཀྱི་ཞི་བདེའི་རྒྱ་མཚོའི་འགྲམ་བརྒྱུད་ལ། ས་ཡོམ་རིམ་པ་༦་༢་ཅན་ཞིག་བརྒྱབ་སྟེ་མི་མང་ལ་དངངས་ཚབས་ཆེན་པོ་བཟོས་ཡོད་ཀྱང་སྣོད་བཅུད་ལ་གོད་ཆག་ཚབས་ཆེན་བྱུང་མེད་པ་རེད།

ཡང་ཨ་རིའི་ས་ཁམས་དཔྱད་ཞིབ་ཁང་གིས་བརྗོད་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༠ཉིན་འགུལ་ཚད་རིམ་པ་༤་༣ ཅན་གྱི་ས་ཡོམ་ཞིག་མངའ་སྡེ་བརྒྱད་ཙམ་གྱི་ནང་། སྐར་ཆ་༡༥ ཙམ་རིང་འགུལ་ཡོད་ཀྱང་སྐྱོན་ཆག་གང་ཡང་བྱུང་མེད་པ་རེད།

ཡང་ཟླ་འདིའི་ཕྱི་ཚེས་༧ ཉིན་ཨ་རིའི་གླིང་ཕྲན་དབུས་སུ་ཡོད་པའི་གྷི་ཏེ་མཱ་ལཱ་རུ་ས་ཡོམ་རིན་པ་༧་༤ ཅན་ཞིག་བརྒྱབ་ནས། ཉུང་མཐར་མི་༥༢ རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་༢༢བོར་བརླགས་ཕྱིན་ཡོད་སྐོར་ཨེ་སི་ཨེ་ཕྷི་གྷེ་ཊའི་གསར་ཁང་གིས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་༦ ཉིན་གྱི་དགོང་མོའི་ཆུ་ཚོད་༥།༥༡ ཐོག་ཧི་མ་ཅལ་གྱི་ལ་ཧོར་དང་སྤི་པི། ཆམ་བྷ་བཅས་ལ་ས་ཡོམ་རིམ་པ་༤་༡ ཅན་ཞིག་བརྒྱབ་ཡོད་པ་དང་། དེ་བཞིན་ཕྱི་ཚེས་༢ ཉིན་རིམ་པ་༤་༥ ཅན་གྱི་ས་ཡོམ་ཞིག་བརྒྱབ་ཡོད་སྐོར་ཧི་མ་ཅལ་མངའ་སྡེའི་གནམ་གཤིས་བརྟག་དཔྱད་ལས་ཁུངས་ཀྱིས་བརྗོད་འདུག

Share this:
༩༧ ཀློག་གྲངས།