རེབ་གོང་དུ་བསྐྱར་དུ་རང་ལུས་མེར་སྲེག་གིས་ངོ་རྒོལ།

ngangjam1ཟླ་འདིའི་ཚེས་༡༢ ཉིན་མདོ་སྨད་རེབ་གོང་མདོ་བ་ཡུལ་ཚོ། གད་དམར་ཐང་ནས་སྙིང་དཀར་བཀྲ་ཤིས་ཀྱིས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག། བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་ཏེ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། སྐུ་གྲོངས་ཡོད་འདུག

དེ་ཡང་བསོད་ནམས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། སྙིང་དཀར་བཀྲ་ཤིས་ནི་རང་ལོ་༢༤ ཡིན་པ་དང་། མདོ་སྨད་རེབ་གོང་མདོ་བ་ཡུལ་ཚོ། སྒྲོ་ཚང་སྡེ་པ་ནས་ཡིན་པ་དང་། ཕ་མིང་ལ་བཀྲ་ཤིས་རྣམ་རྒྱལ་(རང་ལོ་༤༧) མ་མིང་ལ་མཁའ་འགྲོ་མཚོ་(རང་ལོ་༤༧) ཟེར་གྱི་ཡོད་འདུག

སྙིང་དཀར་བཀྲ་ཤིས་ལགས་ཀྱིས་དེ་རིང་ཆུ་ཚོད་༣ སྐར་༡༥ མདོ་སྨད་རེབ་གོང་མདོ་བ་ཡུལ་ཚོ། གད་དམར་ཐང་ནས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག་བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་ཏེ་རང་ལུས་མེར་སྲེག་གིས་རྒྱ་གཞུང་གི་དམ་དྲགས་སྲིད་ཇུས་ལ་ཞི་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་རེད།

སྐབས་དེར་ཉེ་ཆར་རྟ་མགྲིན་མཚོ་དང་དཔའ་བོ་སྐལ་བཟང་སྦྱིན་གཉིས་ཀྱིས་རང་ལུས་མེར་སྲེག་གིས་སྐུ་གྲོངས་པར་མྱ་ངན་འཚམས་འདྲི་ཕེབས་མཁན་ཧ་ཅང་མང་པོ་ཡོད་པས། ཁོང་ཚོས་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་རང་ཁྱིམ་དུ་གདན་འདྲེན་ཞུས་འདུག

ngankar_tashiཁོང་གིས་མེར་སྲེག་གཏོང་དགོས་དོན་ནི། ཕྱི་ཚེས་༡༡ ཉིན་རེབ་གོང་ཁུལ་དང་རྫོང་གི་ལས་བྱེད་མི་སྣ་མདོ་བ་ཡུལ་ཚོའི་ཐོག་ཏུ་ཡོང་སྟེ་ཕྱི་ཚེས་༧ ཉིན་རྟ་མགྲིན་མཚོ་དང་ཕྱི་ཚེས་༨ ཉིན་སྐལ་བཟང་སྦྱིན་པ་གཉིས་ཀྱིས་མེར་སྲེག་གཏོང་དགོས་པའི་རྒྱུ་མཚན་ཕྱི་ཕྱོགས་ཀྱི་ངན་སྐུལ་ཡོད་མེད་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་དང་འགལ་བ་ཡིན་ཚུལ་སོགས་གཏམ་བཤད་སྦེལ་བ་དང་། དེ་རིང་ཡང་ཕྱི་ཚེས་༡༢ ཉིན་རྒྱ་ནག་དབུས་དང་ཞིང་ཆེན་རིམ་པ་ནས་འབྲེལ་ཡོད་ལས་བྱེད་རླངས་འཁོར་བདུན་ཡོང་སྟེ་སྡེ་དཔོན་དང་འབྲེལ་ཡོད་ཁག་འབོད་འགུག་གིས་གཏམ་བཤད་སྦེལ་བའི་སྐབས་ལ་ཁོང་གིས་མེར་བསྲེགས་བཏང་བ་འདུག

ngangjam1

ཁ་སང་ཕྱི་ཚེས་༡༡ ཉིན་རེབ་གོང་ཁུལ་དང་རེབ་གོང་རྫོང་གི་ལས་བྱེད་སོགས་ཡོང་སྟེ་འབྲེལ་ཡོད་ལས་བྱེད་པས་ཏམ་བཤད་སྦེལ་སྐབས་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་དང་། ད་དུང་མི་འཐུད་ནས་འདི་འདྲ་ཡོང་གི་ཡོད་མེད། མང་ཚོགས་གི་ནང་ལ་བསམ་ཚུལ་ག་རེ་ཡོང་གི་ཡོད་མེད་དང་ས་གནས་ལས་བྱེད་པས་ནང་ལ་བསམ་ཚུལ་ག་རེ་ཡོད་མིན་སོགས་དྲིས་སྐབས་ད་ལྟའི་མདོ་བ་སྒྲོ་རོང་བོ་ས་གནས་ཀྱི་ལས་བྱེད་སྟག་ལྷ་ཟེར་བ་ཞིག་རྒྱ་གཞུང་གི་ལས་ཀ་བྱས་ནས་ལོ་༡༥ ཕྱིན་ཡོད། ཁོང་གིས་མང་ཚོགས་ནང་ལ་བསམ་ཚུལ་ག་རེ་ཡོད་མེད་ཧ་གོ་མ་སོང་། ངའི་བསམ་ན་མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་༧གོང་ས་མཆོག་གི་པར་བཤམ་མི་ཆོག་པ་དང་གསོལ་བ་སྨོན་ལམ་རྒྱག་མི་ཆོག་པ། གཙོ་བོ་༧གོང་ས་མཆོག་ བོད་ལ་ཕེབས་བཅུག་གི་མེད་པ། པན་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་བཙོན་ཁང་དུ་བཀག་པ། བོད་ལ་རང་དབང་མ་མེད་པ་བཅས་ལ་བརྟེན་ནས་རང་ལུས་མེ་སྲེག་བཏང་དགོས་པ་འདི་ལ་ཐུག་པ་རེད་ཞེས་འབྲེལ་ཡོད་བཤད་འདུག་པས། ཡུལ་མི་ཚོས་ཁོང་གི་བསམ་ཚུལ་ལ་ཆེ་བསྟིད་བྱེད་པ་དང་བློ་ཁོག་ཆེན་པོ་འདུག་ཅེས་བཤད་བཞིན་ཡོད་འདུག

ས་གནས་རང་ནས་འབྲེལ་ཡོད་གཞན་ཞིག་གིས། མེར་སྲེག་གཏོང་དགོས་པའི་རྒྱུ་རྐྱེན་་ནི་ཁོང་རེབ་གོང་རྫོང་གི་དབང་ཆ་ཆེ་ཤོས་ཡིན་པ་རྨ་ལྷོ་ཁུལ་ཐུན་རྫོང་གི་དམར་ཕྱོགས་དྲུང་ཆེ་ཅིང་ཧྲུའུ་ཁྲིན་ཉེ་ལམ་མདོ་བ་ཡུལ་ཚོ་རུ་ཡོང་ནས། སྐུ་པར་བཤམས་མི་ཆོག་པ་བཙན་བཀའ་བཏང་བ་སོགས་ལ་བརྟེན་གནས་ཚུལ་འདི་བྱུང་བ་རེད་བརྗོད་འདུག

ཅིང་ཧྲུའུ་ཁྲིན་རེབ་གོང་དུ་སླེབས་ནས་བཟུང་རེབ་གོང་རོང་བོ་དགོན་པའི་ནང་ཡོང་སྟེ་༧ གོང་ས་མཆོག་གི་སྐུ་པར་བཤམས་མི་པ་སོགས་དམ་དྲགས་ཆེན་པོ་གཏོང་བཞིན་ཡོད་པ་དང་། ཁོང་ནི་སྔོན་མ་མཚོ་ལྷོ་ཁུལ་ཀེ་ནན་རྫོང་གི་རྫོང་དུ་སྐོད་སྐབས་ཀྱང་ཁུལ་དེར་དམ་དྲགས་ཤུགས་ཆེན་བྱས་ཡོད་པའི་ཧ་ཅང་གི་གདུག་རྩུབ་ཆེ་བའི་མི་ངན་ཞིག་རེད་འདུག

ད་ལྟ་རེབ་གོང་ནས་མདོ་བ་ཡུལ་ཚོའི་བར་སྦྱི་ལེ་༡༠༠ ཡོད་སར་རྒྱ་ནག་གཞུང་གི་དམག་མི་རླངས་འཁོར་ཕོན་ཆེན་པོ་བཏང་འདུག །

Share this:
༡༨༩ ཀློག་གྲངས།