རང་གིས་བྱེད་ཐུབ་པ་དེ་བྱེད་དགོས་ལ་དེ་འགན་ཡང་རེད།

ཟླ་འདིའི་ཚེས་ ༡༢ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག བོད་ནང་དུ་མགོན་པོ་ཚེ་རིང་དང་སྙིང་དཀར་བཀྲ་ཤིས་གཉིས་ཀྱིས་བོད་བསྟན་སྲིད་རང་དབང་གི་ཆེ་དུ་རང་ལུས་མེ་བསྲེག་བཏང་བར་གདུང་སེམས་མཉམ་བསྐྱེད་ཆེད་བསྔོ་སྨོན་མཚན་ཚོགས་ཤིག་བསྐོང་ཡོད་པ་དང་།

མཚན་ཚོགས་དེར་ཐེག་མཆོག་རྣམ་གྲོལ་གླིང་གི་དགེ་འདུན་པས་གཙོས་པའི་སྦེལ་ཀོབ་གཞིག་ཆགས་གསར་རྙིང་གཉིས་ཀྱི་སེར་སྐྱ་མི་མང་མཉམ་འཛོམས་བྱས་ཡོད་པ་རེད།

tenzin_loedoe_2012_11_12

མི་མང་གིས་བསྔོ་སྨོན་གྲུབ་རྗེས་ས་གནས་གཞོན་ལྷན་གྱི་ཚོགས་གཞོན་བསྟན་འཛིན་བློ་གྲོས་ཀྱིས་རང་སྲེག་གཏོང་མཁན་བོད་མི་གཉིས་ཀྱི་གནས་ཚུལ་ངོ་སྤྲོད་དང་འབྲེལ་བོད་ནང་གི་ཛ་དྲག་གནས་བབས་ངོ་སྤྲོད་བྱས་ཡོད་པ་རེད། གསར་འགོད་པས་སྔོ་སྨོན་ཚོགས་འདུར་བཅར་མཁན་ན་གཞོན་བློ་བཟང་ཉི་མ་ལ་བོད་ནང་རང་ལུས་མེར་བསྲེག་གི་གནས་ཚུལ་མང་དུ་འགྲོ་བཞིན་པ་དང་། ས་གནས་ཀྱི་ལས་འགུལ་ནང་མཉམ་ཞུགས་སྐབས་ཚོར་སྣང་གང་བྱུང་སྐོར་དྲིས་པར། ཁོས་བརྗོད་དོན། བོད་ནང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་ཞིག་གིས་འདི་ལྟར་མུ་མཐུད་དུ་རང་ལུས་མེ་རུ་སྦར་ནས་བོད་དོན་ལས་འགུལ་སྤེལ་གྱི་ཡོད་པ་རེད། འདི་ནི་ཧ་ལས་པ་དང་འགྲེལ་བཤད་མི་ཤེས་པ་ཞིག་རེད། ང་ཚོ་འདིར་རང་དབང་ལུང་པར་ཡོད་པ་རེད། ང་རང་ལ་ཆ་བཞག་ན་རང་ལུས་མེ་རུ་སྤར་རྒྱུའི་སྙིང་སྟོབས་ཤིག་མེད་ནའང་། ཁོང་རྣམ་པར་གདུང་སེམས་མཉམ་བསྐྱེད་ཀྱིས་མཚོན་པའི་ལས་འགུལ་དང་བསྔོ་སྨོན་བྱེད་སར་ཡོང་གི་ཡོད། དེ་ནི་ང་རང་གིས་བྱེད་ཐུབ་པ་དེ་རེད་ལ། ལས་འགན་ཡང་རེད། ཅེས་དང་།

ཁོས་མུ་མཐུད་དུ་བརྗོད་དོན། ང་ཚོས་རང་རང་གི་ཚོང་ཁང་དང་ཟ་ཁང་འདི་ཚོ་སྒོ་བརྒྱབ་ནས་སེམས་གཏིང་ནས་བསྔོ་སྨོན་བྱས། གདུང་སེམས་མཉམ་བསྐྱེད་བྱས། ལྷག་པར་གཞིས་བཞུགས་བོད་མི་ཚོའི་སྙིང་སྟོབས་ལ་ཡི་རངས་དང་རྒྱབ་སྐྱོར། མཐུན་ལམ་བྱས་ནས་ང་རང་ཚོ་མི་སོ་སོས་གང་བྱེད་ཐུབ་པ་དེ་ལྷག་བསམ་རྣམ་དག་གིས་བྱེད་དགོས་ཀྱི་རེད་བསམ་གྱི་འདུག བོད་མིའི་སྒྲིག་འཛུགས་དང་། གཞོན་ནུ་དང་བུད་མེད་ལྷན་སོགས་ཀྱིས་བོད་དོན་ལས་འགུལ་གང་སྤེལ་བ་དག་ལ་གང་ཐུབ་ཐུབ་ཀྱིས་མི་མང་མཉམ་ཞུགས་བྱས། ཚོར་བ་ཡོད་པ་ཞིག་དང་། ཁ་ཞེ་གཉིས་མེད་ཀྱིས་བོད་ནང་གི་བོད་མི་སྤུན་ཟླ་ཚོར་རྒྱབ་སྐྱོར་དང་། ཁོང་ཚོའི་ཞལ་ཆེམས་དང་འབོད་སྒྲ་ལ་ཉན་དགོས་ཀྱི་རེད་བསམ་གྱི་འདུག་ཅེས་འགྲེལ་བརྗོད་བྱས་སོང་།།

མེ་སོར་གསར་འགོད་པས།

Share this:
༤༦ ཀློག་གྲངས།