༢༠༠༨བོད་ཀྱི་ལོ་ནག་རྗེས་དྲན་གྱི་ཉིན་མོ།

འོན་ཀྱང༌། བོད་ཀྱི་ལུགས་སྲོལ་ཁྲོད་ཕ་མ་ཁ་འཐོར་སོང་བ་དང་ནང་ལ་མི་ཤི་ཁྱིམ་རྒུད་བྱུང་བ་ཡིན་ན་ལོ་གསར་དུས་སྟོན་ལ་མི་རོལ་བ་མ་ཚད་མྱ་ངན་བྱེད་སྲོལ་ཡོད་པ་ལྟར་འདས་མ་ཐག་པའི་ཕྱི་ལོ་༢༠༠༨ ལོར་ཆ་མཚོན་ན་རྒྱ་མིས་བོད་དུ་བཙན་འཛུལ་བྱས་ཏེ་ད་བར་དྲག་གནོན་དང་རྡུང་རྡེག་མཚམས་ཆད་མེད་ཁྲོད་ཆེས་བརྗེད་དཀའ་བའི་དམར་གསོད་དང་དྲག་གནོན་གྱིས་ལོ་ནག་ཅིག་ཏུ་བསྒྱུར་ཡོད། ད་ལྟའི་ཆར་བོད་ཆོལ་ཁ་གསུམ་གྱི་མངའ་ཁོངས་སུ་ཞི་བདེ་དང་དྲང་བདེན་གྱི་དོན་དུ་བཤད་པའི་སྐད་ཆ་ཡོད་ཚད་རྒྱ་གཞུང་གིས་ནག་ཉེས་སུ་བརྩིས་ཏེ་ཕ་མ་དམར་གསོད་བཏང་བའི་དྭ་ཕྲུག་དང་ཁྱོ་ག་དམར་གསོད་བཏང་བའི་ཡུགས་མོ། དེ་བཞིན་བུ་ཕྲུག་དམར་གསོད་བཏང་བ་དང་བཙོན་འཇུག་བྱས་པ་ལ་བརྟེན་ནས་སྔར་སྲོལ་གྱི་ལོ་གསར་དགའ་སྟོན་ཞེས་པ་དེ། འདི་ལོར་བློ་ཡུལ་དུ་ཤོང་ཐབས་བྲལ་བའི་ན་ཟུག་ཞིག་ཏུ་གྱུར་ཏེ་གཞིས་ལུས་སྤུན་ཟླ་མི་མང་གིས་རྒྱུ་མཚན་ལྡན་པའི་ཐོག་ལོ་གསར་དགའ་སྟོན་མེད་པའི་གནས་ལུགས་བོད་ས་ཀུན་ལ་བསྒྲགས་སྟབས་རྒྱ་ནག་དམར་གཞུང་གིས་གཞིས་ལུས་བོད་རིགས་སྤུན་ཟླའི་བྲང་ཁར་མེ་མདའ་གཏད་དེ་བཙན་དབང་གིས་ལོ་གསར་དུས་སྟོན་རྣམ་པ་ཕྱིར་བསྟན་ཐབས་བྱ་བཞིན་རང་ཉིད་ཀྱི་སྡིག་ཉེས་ས་སྦས་བཏང་བ་མ་ཚད་དྲང་བདེན་ལ་ཕྱོགས་པའི་འཛམ་གླིང་མི་མང་ཀུན་མགོ་སྐོར་གཏོང་ཐབས་བྱེད་ཀྱིན་པ་འདིར་ཕྱི་སྡོད་བོད་རིགས་ཡོངས་རྫོགས་སེམས་འཚབ་ཆེན་པོ་སྐྱེ་རུ་བཅུགས་པ་དང་མ་ཚད་ད་དུང་ཡང་བོད་ནང་དུ་གསོད་བརྡུང་འཛིན་གསུམ་གྱི་དྲག་གནོན་མཚམས་འཇོག་བྱས་མེད་སྟབས་སྟོང་ལོ་དགུ་པའི་ནང་གཞིས་ལུས་བོད་མི་མང་གནས་སྟངས་ཇི་ལྟར་ཆགས་མིན་གྱི་འཇིགས་དངངས་དོགས་གསུམ་གྱི་ཁྲོད་ཕྱིར་སྡོད་བོད་རིགས་ཁྱོན་ཡོངས་ནས་ལོ་གསར་དུས་སྟོན་རོལ་རྒྱུའི་བསམ་བློ་སྦད་དེ་རྩ་ཡལ་ཕྱིན་ཡོད་ལ་ལྷག་དོན་དུ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་གཉེར་བ་རྣམས་ཀྱིས་མ་གྲོས་གཅིག་མཐུན་གྱི་སྒོ་ནས་༢༠༠༨ བོད་ཀྱི་ལོ་ནག་རྗེས་དྲན་གྱི་ཉིན་མོ་ཞེས་པ་བོད་རྒྱལ་ལོ་༢༡༣༦།༡ ཚེས༡ གི་ཞོགས་པ་ཐོ་རེངས་སྟག་གི་དུས་སུ་འགོ་འཛུགས་བྱ་ཕྱིར་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་མའི་འཐུས་ཚོགས་ཞེས་པ་ཞིག་གནས་སྐབས་རིང་གསར་འཛུགས་བྱས་ཏེ། བོད་ཟླ་༡༢ པའི་གནམ་གང་གི་ཕྱི་དྲོ་ནས་འགོ་བཙུགས་ནས་ཆུ་བོ་གངྒའི་འགྲམ་དུ་ལས་འགུལ་གྲ་སྒྲིག་བྱས་ཤིང༌། དགོང་མོར་བོད་ནང་གི་དངོས་བྱུང་གནས་སྟངས་མཚོན་པའི་གློག་བརྙན་གཟིགས་འབུལ་དང༌། གདན་ཞུས་མཁས་དབང་གིས་སྐབས་དོན་དང་འབྲེལ་བའི་གསུང་བཤད། བོད་ཀྱི་དཔའ་བོ་དཔའ་མོའི་ཆེད་དུ་མཆོད་མེ་སྤར་བ། ལོ་གསར་ཚེས་གཅིག་ཐོ་རེངས་ནས་བོད་ཀྱི་དཔའ་བོ་དཔའ་མོའི་ཆེད་དུ་༢༠༠༨་བོད་ཀྱི་ལོ་ནག་རྗེས་དྲན་འགོ་འཛུག་དང༌། དེ་ནས་རིམ་བཞིན་གངྒའི་ཆུ་འགྲམ་དུ་བོད་མི་རིགས་ཀྱི་ཕམ་ཁ་དང་རྒྱ་ནག་སྲིད་གཞུང་གི་གདུག་རྩུབ་མཚོན་པའི་བྱེ་མའི་སྣང་བརྙན་གསར་བཟོ་བྱ་རྒྱུ། བོད་ཀྱི་ཞི་རྒོལ་ཆེན་མོའི་དངོས་བྱུང་གི་དཔར་རིས་འགྲེམས་སྟོན་བྱ་རྒྱུ། ཝཱ་ཎའི་གྲོང་འཁྱེར་ནང་གི་མི་ཚོགས་འདུ་འཛོམས་ཆེ་སའི་ས་ཁུལ་འགར་རྒྱ་མིའི་བཙན་འོག་གི་བོད་ཀྱི་ལོ་གསར་ཞེས་པའི་སྐར་མ་བཅོ་ལྔའི་དུས་ཅན་གྱི་གཏམ་བརྒྱུད་ཐུང་ངུ་རེ་འཁྲབ། གངྒའི་ཆུ་དབུས་སུ་གྲུ་ཐོག་ནས་༢༠༠༨ ལོའི་བོད་ནང་གི་དངོས་དོན་མཚོན་པའི་དར་བྱང་ཐོགས་ཏེ་བསྐོར་བསྐྱོད་བྱས། རྒྱ་གར་གྱི་དྭ་ཕྲུག་སློབ་གྲྭ་ཞིག་ཏུ་ཕྱིན་ཏེ་ལག་རྟགས་ཆུང་ཆུང་རེ་ཕུལ་ཡོད་པ་དང༌། དུས་ཡུན་ཆུ་ཚོད་བཞིའི་རིང་ངག་བཅད་ངོ་རྒོལ། གངྒའི་ཆུ་འགྲམ་ནས་ལོརཱ་བྷིར་བར་མར་མེ་ཁྲོམ་སྐོར་བཅས་ཡོད་པ་རེད།

 ལས་འགུལ་འདི་དང་འབྲེལ་བའི་ཐོག་ནས་རྒྱལ་སྤྱི་དང་རྒྱ་གར། རྒྱ་ནག་རྒྱལ་ཁབ་བཅས་ལ་འབོད་སྐུལ་དོན་ཚན་ཁག་གཅིག་ཞུས་ཡོད་པ་དང༌།
༡༽ རྒྱ་གར་གཞུང་ངོས་ནས་བོད་ཀྱི་དངོས་དོན་རྒྱལ་སྤྱིའི་ཐོག་ཏུ་ཕྱི་གསལ་ནང་གསལ་བྱས་དགོས་པའི་འབོད་སྐུལ་བྱ་རྒྱུ།
༢༽ བོད་ནང་དུ་མིང་དོན་མཚུངས་པའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཡོང་ཐབས་དགོས་པའི་འབོད་སྐུལ་བྱ་རྒྱུ།
༣༽ རྒྱ་གཞུང་ནས་སྔོན་འགྲོའི་ཆ་རྐྱེན་མེད་པའི་ཐོག་ཏུ་ྋགོང་ས་མཆོག་དང་ལྷན་དུ་ཞི་མོལ་མགྱོགས་མྱུར་འགོ་འཛུགས་དགོས་པའི་འབོད་སྐུལ་བྱ་རྒྱུ།
༤༽ བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་འཕྲལ་དུ་གློད་དཀྲོལ་གཏོང་དགོས་པའི་འབོད་སྐུལ་བྱ་རྒྱུ།
༥༽ རྒྱ་ནག་མི་མང་སྤྱི་འཐུས་རྒྱལ་ཁབ་ནས་ཁ་ཡོད་ལག་ཡོད་ཀྱིས་དྲང་བདེན་ལག་བསྟར་དགོས་པའི་འབོད་སྐུལ་བྱ་རྒྱུ།
༦༽ རྒྱལ་སྤྱིའི་སློབ་ཕྲུག་རྣམས་ཀྱིས་བོད་ནང་གི་སློབ་ཕྲུག་གི་དཀའ་ངལ་སེལ་ཕྱིར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་བྱ་རྒྱུ།
༧༽ རྒྱ་གར་ནས་བོད་དུ་ཕྱིར་ལོག་མཁན་བོད་ཕྲུག་རྣམས་ལ་ཁྲིམས་གཅོད་མཚམས་འཇོག་དགོས་པ་དང་རང་དབང་སྤྲད་དགོས་པ་འི་འབོད་སྐུལ་བྱ་རྒྱུ།།

Share this:
༡༣༩ ཀློག་གྲངས།