བཙན་བྱོལ་བོད་མིའི་སློབ་ཡོན་གྱི་བརྒྱ་ཆ་༥༠ ལྷག་སྤར་འདུག

shirig_2012_11_20བཙན་བྱོལ་བོད་མིའི་སློབ་ཡོན་ད་ཡོད་ལས་བརྒྱ་ཆ་ ༥༠ ལྷག་སྤར་ཡོད་པ་དང་། རིགས་གཅིག་རྐང་འཛིན་གྱི་ Ph. D བསླབ་པ་མཐར་སོན་མཁན་དང་། འཛིན་རིམ་༡༢ ཀྱི་ཕྱོགས་བསྡོམས་བརྒྱ་ཆ་༩༥ ཡན་ལོན་མཁན་དམིགས་བསལ་གཟེངས་རྟགས་འབུལ་རྒྱུ་ཡིན་པ་རེད།

ཟླ་འདིའི་ཚེས་༢༠ ཉིན་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་སྟོབས་རྒྱལ་དང་། ཟུང་དྲུང་འཆི་མེད་ཚེ་དབྱངས། དྲུང་གཞོན་སྐལ་བཟང་རིན་ཆེན་བཅས་ཀྱིས་བཙན་བྱོལ་བོད་མིའི་སློབ་ཡོན་མང་དུ་བཏང་བའི་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་རེད།

shirig_2012_11_20

གསར་འགོད་གསལ་བསྒྲགས་དེའི་ནང་འཁོད་དོན། ཤེས་ཡོན་ནི་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ནུས་ཤུགས་གོང་སྤེལ་དང་རྒྱུན་གནས་ཐུབ་རྒྱུའི་མ་འཛུགས་ལྟ་བུ་ཡིན། འཆར་གཞི་གསར་པ་འདིའི་དམིགས་ཡུལ་སྤྱིར་སློབ་སྦྱོང་ཡར་རྒྱས་གཏོང་ཐབས་ཙམ་མིན་པར་འབྱུང་འགྱུར་མཁས་པ་དང་རིགས་གཅིག་རྐང་འཛིན་མང་ཙམ་བསྐྲུན་རྒྱུ། དེ་ལ་བརྟེན་ནས་བོད་མིའི་སྤྱི་ཚོགས་ནང་འགོ་ཁྲིད་པ་དང་མི་ཆའི་ནུས་ཤུགས་དང་འཇོན་ཐང་གོང་འཕེལ་དུ་གཏོང་རྒྱུ་བཅས་ཡིན་པས་སློབ་ཡོན་འཆར་གཞི་གསར་པ་འདིས་ད་ཡོད་སློབ་ཡོན་གྲངས་འབོར་གྱི་བརྒྱ་ཆ་ ༥༠ ལྷག་སྤར་ཆ་ཞུས་ཡོད་པ་མ་ཟད། ཤེས་རིག་ལས་ཁུངས་ནས་མ་འོངས་པར་སློབ་ཡོན་ཇེ་མང་དུ་གཏོང་ཐབས་བྱེད་རྒྱུ་བཅས་ཡིན་ཞེས་འཁོད་འདུག

འཆར་གཞི་གསར་པའི་ནང་དུ་དགའ་ལྡན་ཕོ་བྲང་ལེགས་གསོལ་བྱ་དགའ་འདིའི་དངུལ་འབོར་དང་སློབ་ཕྲུག་ཁ་གྲངས་གཉིས་ཀར་སྤར་ཆ་གནང་ཡོད། ཁྱོན་བསྡོམས་སློབ་ཕྲུག་དགུ་ལ་བྱ་དགའ་གནང་རྒྱུ་སྟེ། ཚན་རིག རྒྱུ་རྩལ། ཚོང་རིག་བཅས་སྡེ་ཁག་གསུམ་སོ་སོའི་ཨང་དང་པོ། གཉིས་པ། གསུམ་པ་སོ་སོར་རིམ་བཞིན་སྒོར་༢༠༠༠༠ སྒོར་༡༥༠༠༠ སྒོར་ ༡༠༠༠༠ བཅས་གནང་རྒྱུ་ཡིན་པ་རེད།

དེ་བཞིན་སྲིད་སྐྱོང་གི་སློབ་ཡོན་ཞེས་པ་ཞིག་གསར་བཏོད་གྱིས་འཛིན་རིམ་༡༢ ཀྱི་རྒྱལ་ཡོངས་རྒྱུགས་སྤྲོད་མཐའ་མའི་སྐབས་ཕྱོགས་བསྡོམས་བརྒྱ་ཆ་༩༥ ཡན་ལོན་མཁན་མཆིས་སོ་ཅོག་ལ་སྲིད་སྐྱོང་སློབ་ཡོན་ཧིན་སྒོར་༡༠༠༠༠༠ རེ་གནང་རྒྱུ་དང་། རིགས་གཅིག་རྐང་འཛིན་གྱི་ Ph. D བསླབ་པ་མཐར་སོན་རིགས་ལ་སྲིད་སྐྱོང་གཟེངས་བསྟོད་ལག་འཁྱེར་དང་ཧིན་སྒོར་༢༠༠༠༠ གནང་རྒྱུ་ཡིན་པ་རེད།

ད་ལྟའི་ཆར་བརྒྱ་ཆ་མཐོ་དམའ་ལ་མ་ལྟོས་པར་སློབ་ཡོན་ཐོབ་པའི་སློབ་ཕྲུག་ཚང་མར་སློབ་ཡོན་དངུལ་འབབ་གཅིག་མཚུངས་ཐོབ་ཀྱི་ཡོད། དཔེར་ན་བརྒྱ་ཆ་དྲུག་ཅུ་ལོན་དང་བརྒྱ་ཆ་བརྒྱད་ཅུ་ལོན་ལ་དབྱེ་བ་མེད་པ་ལྟ་བུ་ཡིན། འོན་ཀྱང་འཆར་གཞི་གསར་པ་འདིའི་འོག་སློབ་ཕྲུག་ཚོར་རྒྱལ་ཡོངས་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཀྱི་བརྒྱ་ཆ་ལ་གཞིགས་ཏེ་ལོ་རེར་སློབ་ཡོན་སྒོར་༣༥༠༠༠ ནས་སྒོར་༡༠༠༠༠༠ བར་གནང་རྒྱུ་དང་། མཐོ་རིམ་སློབ་སྦྱོང་ཆེད་ཤེས་རིག་ལས་ཁུངས་ནས་སློབ་ཡོན་ལེན་མུས་ཀྱི་སློབ་ཕྲུག་གང་ཞིག་ནས་སློབ་ཡུན་གྱི་ལོ་སོ་སོའི་ཡིག་རྒྱུགས་སྐབས་བརྒྱ་ཆ་༧༥ ཡན་ལོན་ན། རྒྱུན་ལྡན་སློབ་ཡོན་གྱི་ཐོག་ལེགས་གསོལ་སྒོར་༡༠༠༠༠ རེ་འཕར་མ་གནང་རྒྱུ་ཡིན་པ་རེད།

དབུས་བོད་མིའི་སྒྲིག་འཛུགས་ནས་ཞིབ་འཇུག་གིས་ཉམ་ཐག་ཨང་རྟགས་ཅན་གྱི་ཁྱིམ་ཚང་གི་བུ་ཕྲུག་ཚོའི་ཆེད་དུ་སློབ་ཡོན་ཞིག་གསར་བཏོད་གནང་ཡོད་པ་དང་། འདིའི་དམིགས་ཡུལ་ཁྱིམ་ཚང་ཉམ་ཐག་གི་བུ་ཕྲུག་མཐོ་རིམ་སློབ་སྦྱོང་མཐར་འཁྱོལ་ཐབས་ལ་རམ་འདེགས་བརྒྱུད་དེ། རིམ་བཞིན་ཁྱིམ་ཚང་དེ་ཉིད་ཉམ་ཐག་གིས་གནས་ལས་སྒྲོལ་ཐབས་བྱེད་རྒྱུ་དེ་ཡིན། འཛིན་རིམ་༡༢ ཀྱི་རྒྱལ་ཡོངས་རྒྱུགས་སྤྲོད་ནང་བརྒྱ་ཆ་༤༠ ལོན་པའི་ཉམ་ཐག་ཁོངས་གཏོགས་ཀྱི་སློབ་ཕྲུག་ཚོར་དམིགས་བསལ་སློབ་ཡོན་འདིའི་ཆེད་སྙན་ཞུ་འབུལ་རྒྱུའིི་གོ་སྐབས་གནང་རྒྱུ་ཡིན་པ་ིན་པ་རེད།།

Share this:
༦༦ ཀློག་གྲངས།