དཔོན་རིགས་འཕོ་འགྱུར་དང་དོན་དངོས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༡༣    ཕྱི་ལོ་ ༢༠༡༢/༡༡/༢༡
རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་དང་པོའི་ཐོག་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཁག་འཕོ་འགྱུར་བཏང་ཡོད་པ་དང། སྐབས་འདིར་དམར་ཤོག་དྲུང་ཆེར་སྐབས་སྔོན་མའི་དྲུང་ཆེ་གཞོན་པ་ཞི་ཅིན་ཕིན་སླེབས་ཡོད་ལ། སྐབས་སྔོན་མའི་སྲིད་བློན་གཞོན་པ་ལི་ཁེ་ཆང་ཡང་དབུས་རྒྱུན་ནང་སླེབས་ཡོད་པས།

  ཕྱི་ཟླ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བའི་ནང་ཁོང་གཉིས་ལ་སྲིད་འཛིན་དང་སྲིད་བློན་གྱི་མིང་འདོགས་རྒྱུ་ཡང་གཏན་ཁེལ་ཡོད་པ་རེད། ད་ལན་དམར་ཤོག་ཚོགས་ཆེན་ཐོག་དབུས་ཆབ་སྲིད་“ཅུས”ཟེར་བའི་རྒྱུན་ལས་སྔོན་མ་ལས་ཉུང་དུ་བཏང་ནས་མི་བདུན་དུ་གཏན་ཁེལ་བྱས་པའི་ནང། སྲིད་འཛིན་དང་སྲིད་བློན་གཉིས་མ་གཏོགས་གཞན་མི་ལྔ་གསར་པ་སླེབས་ཡོད།

ད་ཆ་རྒྱ་ནག་དམར་ཤོག་ཚོགས་པའི་ཆེས་མཐོའི་རྒྱུན་ལས་ཀྱི་གྲུབ་ཆ་འདིའི་ནང་གི་ལོ་ན་ཆེ་ཤོས་ཡོས་ཀྲིན་ཧྲིན་རང་ལོ་༦༧ ཡིན་པ་དང། ཆུང་ཤོས་སྲིད་བློན་དུ་ངེས་པའི་ལི་ཁེ་ཆང་རང་ལོ་༥༧ ཡིན་པ་རེད། དེའི་རྗེས་ཀྱི་ཆུང་ཤོས་དམར་ཤོག་དྲུང་ཆེ་ཞི་ཅིན་ཕིན་ཆགས་ཡོད་པ་དང། གཞན་རྣམས་ལོ་ན་༦༤ ལས་བརྒལ་བ་འབའ་ཞིག་ཡིན་པ་རེད། སྐབས་སྔོན་མའི་རྒྱུན་ལས་ནང་དུ་ད་ལྟའི་སྲིད་འཛིན་དང་སྲིད་བློན་དུ་ངེས་པ་ཁོང་གཉིས་ཆུང་ཤོས་ཡིན་ལ། ལོ་ལྔའི་རྗེས་ཀྱི་སྐབས་འདིའི་དཔོན་རིགས་གསར་པའི་ནང་ནས་ཀྱང་ཁོང་གཉིས་ཆུང་ཤོས་ཡིན་པ་རེད། གནད་དོན་འདིའི་ཐོག་ནས་ད་ལན་གྱི་དཔོན་རིགས་མང་ཆེ་བ་ལོ་ན་ཆེན་པོ་ཤ་སྟག་སླེབས་ཡོད་པ་དང། བཅོས་བསྒྱུར་གྱི་བསམ་བློའི་ཐོག་ནས་རེ་བ་ཆེན་པོ་ཞིག་ཡོད་དམ་སྙམ་པའི་དོགས་པ་འདི་ཡང་རང་བཞིན་གྱིས་སླེབས་ཡོང་བ་ཞིག་རེད།

ད་དུང་རྒྱ་ནག་གིས་འདྲ་མཉམ་དང་གཅིག་གྱུར་གྱི་ཁ་གཡང་ཤུགས་ཆེ་སྒྲོག་བཞིན་ཡོད་ཀྱང། སྐབས་འདིར་ཡང་ཆེས་མཐོའི་རྒྱུན་ལས་ཞེས་ཆབ་སྲིད་དབང་འཛིན་པའི་དཔུང་ཁག་འདིའི་ནང་དུ་བུད་མེད་གཅིག་ཀྱང་སླེབས་མེད་པ་འདིས། རྒྱ་ནག་ནང་ཕོ་མཆོག་མོ་དམན་གྱི་བསམ་བློའི་ཤུགས་རྐྱེན་ཆེན་པོ་ཡོད་པ་གསལ་སྟོན་བྱས་ཡོད་པ་མ་ཟད། སྐབས་འདིར་ཡང་ཆེས་མཐོའི་རྒྱུན་ལས་ནང་རྒྱ་ནག་ཧན་མི་རིགས་ཤ་སྟག་ལས། རྒྱ་ནག་རྒྱལ་ཁབ་ཀྱི་ནང་དུ་གྲངས་མི་ཉུང་༥༦ ཅེས་བགྲང་བཞིན་པའི་ནང་ནས་མི་རིགས་གཞན་པ་སུ་གཅིག་ཀྱང་སླེབས་ཐུབ་མེད་པ་འདིས། མི་རིགས་དབྱེ་འབྱེད་ཀྱི་ཐོག་ནས་མ་སླེབས་པར་གཏན་ཁེལ་ནས་བཤད་ཆོག་པ་དང། གནད་དོན་འདིའི་ཐོག་ནས་མ་འོངས་པར་རྒྱ་ནག་གི་ནང་དུ་གྲངས་ཉུང་མི་རིགས་ཁག་གི་ལས་དབང་ལ་དོགས་འདྲི་དེ་བས་ཆེ་རུ་སོང་ཡོད།

ད་ལྟའི་འཛམ་བུའི་གླིང་གི་དཔོན་རིགས་འདེམས་སྟངས་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་ཡོད་ལ། དཔེར་ན་ཨ་རིའི་སྲིད་འཛིན་སྐབས་གཉིས་ལ་མི་རིགས་ནག་པོ་ཡིན་པའི་ཨོ་བྷ་མ་སླེབས་ཡོད་ལ། འཛམ་བུའི་གླིང་འདིར་མི་འབོར་མང་ཤོས་གཉིས་པ་ཡིན་པའི་རྒྱ་གར་གྱི་སྲིད་བློན་ཡང་སྐབས་གཉིས་ལ་གྲངས་ཉུང་མི་རིགས་ཀྱི་ནང་ནས་སླེབས་ཡོད། ད་དུང་འཛམ་གླིང་གི་ས་ཕྱོགས་གང་སར་དེ་ལྟ་བུའི་དཔེ་མཚོན་མང་པོ་ཡོད་ཀྱང། རྒྱ་ནག་དཔོན་རིགས་ནང་རྒྱ་ནག་ཧན་མི་རིགས་ཁོ་ན་ལས། གྲངས་ཉུང་མི་རིགས་ཤིག་སྲིད་འཛིན་དང་སྲིད་བློན་དུ་སླེབས་རྒྱུའི་རེ་བ་གཏན་ནས་མེད་པ་མ་ཟད། ཆེས་མཐོའི་རྒྱུན་ལས་ཀྱི་ནང་དུ་སླེབས་པའི་གོ་སྐབས་ཙམ་ཡང་མེད་པ་ནི་རྒྱུ་མཚན་ཅི་ཞིག་ལ་ཐུག་ཡོད་པ་དེ། མི་རིགས་དབྱེ་འབྱེད་ཁོ་ན་ལ་བརྟེན་ནས་བྱུང་བ་ལས་རྒྱུ་མཚན་གཞན་གང་ཡང་མེད།

ད་ལྟའི་དཔོན་རིགས་སླེབས་སྟངས་དེ་མི་རིགས་དབྱེ་འབྱེད་ཀྱིས་མ་ཡིན་པར། ཤེས་ཡོན་དང་འཇོན་ཐང་ལ་གཞིགས་ནས་སླེབས་ཡོད་ཅེས་བརྗོད་པའི་དབང་དུ་བཏང་ན། དཔོན་རིགས་འདི་དག་ཚང་མ་རྒྱ་དམར་གཞུང་གསར་འཛུགས་ཟིན་པའི་རྗེས་སུ་འཚར་ལོང་བྱུང་བ་འབའ་ཞིག་ཡིན་པས། མི་རིགས་གཞན་གྱི་ནང་དུ་ཁོང་ཚོ་ལྟ་བུ་ཤེས་ཡོན་དང་འཇོན་ཐང་ནུས་པ་ཡོད་པ་གཅིག་ཀྱང་མེད་པ་རེད་ཅེས་བརྗོད་དགོས་ལ། དེ་ནི་རང་བཞིན་གྱིས་ཤེས་ཡོན་དང་སློབ་སྦྱོང་གི་ཐོག་ན་དབྱེ་འབྱེད་ཀྱི་སྲིད་བྱུས་ཤིག་གཞི་རིམ་ནས་ཡོད་པ་གསལ་སྟོན་བྱས་པ་རེད། མདོར་བསྡུས་ན་རྒྱ་ནག་གི་དུས་རྒྱུན་མི་རིགས་ཆེན་པོའི་རིང་ལུགས་མཐའ་འཁྱོངས་བྱེད་པ་ལས་མི་རིགས་འདྲ་མཉམ་ཡོང་བར་ད་དུང་བར་ཐག་རིང་པོ་ལྷག་ཡོད།

གྲངས་ཉུང་མི་རིགས་ནི་བྱམས་སྐྱོང་དང་སྙིང་རྗེ་བྱེད་ཡུལ་ལྟ་བུ་ལས། མཐོ་རིམ་མགོ་ཁྲིད་པའི་དཔུང་ཁག་ནང་དུ་སླེབས་པར་འདྲ་མཚུངས་ཡིན་ཞེས་ཁ་གཡང་ཙམ་གྱི་ནང་དུའང་སླེབས་ཐུབ་མེད། དེར་བརྟེན་རྒྱ་ནག་དམར་ཤོག་གཞུང་གི་སྲོག་ཤིང་དེ་རྒྱ་ནག་ཧན་མི་རིགས་ཁོ་ན་ཡིན་པ་དང། གྲངས་ཉུང་མི་རིགས་རྣམས་ནི་དེ་དག་གི་ངོ་འཛུམ་དཀར་ནག་ཁོ་ན་འཚོ་མཁན་གྱི་མི་རིགས་ཤིག་ལ་ངོས་འཛིན་བྱས་ཡོད་ལ། རྒྱ་གཞུང་གིས་ཏང་གི་བྱམས་བརྩེའི་དྲོད་ཁོལ་གྱི་འོག་ཏུ་གནས་ཡོད་ཅེས་བརྗོད་བཞིན་ཡོད། དེར་བརྟེན་རྒྱ་ནག་གི་སྲིད་བྱུས་འདིའི་འོག་ནས་བོད་ལ་གྲངས་ཉུང་མི་རིགས་ཀྱི་སྲིད་བྱུས་ཀྱིས་ཕན་ཐོགས་ག་ཚོད་ཅིག་སླེབས་ཐུབ་མིན་ལའང། ང་ཚོའི་སེམས་ངོར་གྲ་སྒྲིག་སྔ་ས་ནས་ཡོད་དགོས་པ་ཞིག་རེད།

བོད་མི་རིགས་ཀྱི་ངོས་ནས་ཕྱོགས་གང་ས་ནས་གྲ་སྒྲིག་དང་བསམ་བློ་མ་བཏང་བར། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་གཅིག་པུ་རྩོད་ལེན་བྱ་རྒྱུའི་འཆར་གཞི་མུ་མཐུད་བཟུང་བསྡད་ན། ང་ཚོས་དུས་རྒྱུན་རེ་བ་ཆེ་ས་ནས་རྒྱག་དགོས་པ་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ཞེས་པའི་གདམ་ངག་དེའི་ཏག་ཏག་ཟློག་ཕྱོགས་སུ་འགྱུར་བཞིན་པའི་ཚོར་སྣང་ཡང་རང་བཞིན་གྱིས་སླེབས་ཡོང་བ་ཞིག་དང། སྤྱང་ཀི་ལ་སྙིང་རྗེ་སྐྱེ་བའི་དུས་ཚོད་ཅིག་འཆར་སྲིད་མིན་དང། ཤར་ན་སྐབས་དེར་གཡང་དཀར་ལུ་གུ་ལ་གཅེས་སྐྱོང་བྱེད་ངེས་རེད་སྙམ་པའི་འཆར་གཞི་དང་ཡིད་ཆེས་འདི་དག་ལ་དོན་དངོས་ཐོག་རེ་བ་དང་ཕན་ནུས་གང་ཙམ་ཡོད་མེད་རྒྱ་དམར་གཞུང་གི་གཞི་རིམ་སྲིད་བྱུས་ཀྱི་ཐོག་ནས་ཤེས་ཐུབ་པ་ཞིག་རེད་སྙམ།།

Share this:
༦༥ ཀློག་གྲངས།