མཐོ་སློབ་ཕན་ཚུན་བར་རིག་གཞུང་བརྗེ་ལེན་གྱི་ལས་གཞི།

sahara_12མདང་དགོང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་ཨ་རིའི་ཨར་ལམ་མཐོ་སློབ་གཉིས་ཀྱི་བར། རིག་གཞུང་བརྗེ་ལེན་གྱི་གན་རྒྱ་ཞིག་བཞག་སྟེ་༢༠༡༣ ལོ་ནས་འགོ་བརྩམས་ཏེ་མཐོ་སློབ་ཕན་ཚུན་དབར་སློབ་ཕྲུག་གཏོང་རྒྱུ་བྱས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༡ ཉིན་གྱི་དགོང་དྲོའི་ཆུ་ཚོིད་༦ པའི་སྟེང་། དྷ་ཤོད་ཀ་ཅ་རིར་ཡོད་པའི་CONIFER གསོལ་མགྲོན་ཁང་དུ། སྐུ་མགྲོན་གཙོ་བོ་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་ངག་དབང་ཆོས་གྲགས་དང་། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་བཀྲ་ཤིས་དོན་འགྲུབ། Earlham college, Richmond, Indiana,USA ཞེས་པའི་སློབ་སྤྱི་ཌོ་ཊར་Gregory Mahler  དང་ཁོང་གི་བཟའ་ཟླ། གཞན་ཡང་དྷ་ས་རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་གཞོན་པ་དགེ་བཤེས་སྐལ་བཟང་དགྲ་འདུལ་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་རྒན་འཇམ་དཔལ་གྲགས་པ་གཙོས་པའི་དགེ་རྒན་རྣམ་པ་མཉམ་འཛོམས་ཐོག མཐོ་སློབ་གཉིས་ཀྱི་དབར་ལ་ཤེས་ཡོན་སྤེལ་རེས་ཀྱི་ལས་གཞི་གསར་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་སོང་།

sahara_2མཛད་སྒོའི་སྐབས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དྲུང་ཆེ་པ་སངས་ཚེ་རིང་གིས། མཐོ་སློབ་གཉིས་ཀྱི་བར་ཤེས་ཡོན་སྤེལ་རེས་ཀྱི་ལས་གཞི་གསར་འཛུགས་བྱེད་དགོས་དོན་དང་། དེ་བཞིན་མཐོ་སློབ་སོ་སོའི་མི་སྣ་ཕན་ཚུན་ལ་ངོ་སྤྲོད་བྱས་རྗེས། གོང་ཞུས་མཐོ་སློབ་གཉིས་ཀྱི་སློབ་སྤྱི་སོ་སོས་གན་རྒྱའི་ཐོག་ས་རྟགས་བསྐྱོན་ཏེ། ༢༠༡༣ ནས་འགོ་བརྩམས་ཏེ་རིག་གཞུང་བརྗེ་ལེན་གྱིས་མཐོ་སློབ་ཕན་ཚུན་དབར་ལ་སློབ་མ་གཏོང་རྒྱུ་བྱས་སོང་།

འདི་གའི་གསར་འགོད་པས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་རྒན་འཇམ་དཔལ་གྲགས་པ་ལགས་སུ། མཐོ་སློབ་གཉིས་ཀྱི་དབར་ཤེས་ཡོན་སྤེལ་རེས་ཀྱི་ལས་གཞི་དང་འབྲེལ་བའི་སྐོར་ལ་བཅར་འདྲི་བྱས་པར། ཁོང་གིས་ས་རཱ་མཐོ་སློབ་དང་ཨ་རའི་ཨར་ལམ་མཐོ་སློབ་གཉིས་ཀྱི་བར་ཤེས་ཡོན་སྤེལ་རེས་ཀྱི་ས་རྟགས་བརྒྱབ་ནས་༢༠༡༣ ནས་འགོ་བརྩམས་ཏེ། མཐོ་སློབ་ཕན་ཚུན་དབར་སློབ་ཕྲུག་གཏོང་རྒྱུ་བྱས་ཡོད་རེད། དེ་ལྟར་བྱེད་དགོས་དོན་དེ་ཡང་༧གོང་ས་མཆོག་གི་རླབས་ཆེན་གྱི་འཛད་འཕྲིན་གྱི་ཐོག་ནས། འཛམ་གླིང་སྤྱི་དང་ལྷག་པར་དུ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་ནང་། ༧གོང་ས་མཆོག་གི་དགོངས་པ་བཞེས་སྟངས་དང་འཛམ་གླིང་ཞི་བདེའི་ཆེད་ཕྱག་ལས་གནང་ཡོད་པ་དེ་དག་གིས་ཚང་མའི་ཡིད་དབང་འཕྲོག་གི་ཡོད་རེད། དེ་འདྲ་ཡོང་དོན་གཙོ་བོ་དེ་བོད་ཀྱི་རིག་གཞུང་ལ་ཐུག་ཡོད་རེད།

རིག་གཞུང་འདི་ལ་སློབ་སྦྱོང་བྱས་པ་ཡིན་ན་མི་གཞན་དང་མི་འདྲ་བ་ཞིག་ཆགས་ཀྱི་ཡོད་པ་ཤེས་ནས་མི་ཚང་མས་བོད་ཀྱི་རིག་གཞུང་ལ་དགའ་མོས་བྱེད་ཀྱི་ཡོད་རེད། དེར་བརྟེན་ང་ཚོས་ཕྱི་ལོ་༢༠༠༠ལོར་ཨི་མོ་རི་མཐོ་སློབ་དང་མཉམ་དུ་འབྲེལ་བ་བྱས་ནས་ཧ་ཅང་ཡག་པོ་བྱུང་ཡོད་རེད། ད་ལྟའི་ཆར་ཁོང་ཚོ་ལོ་རེར་ཐེངས་གཉིས་ཡོང་གི་ཡོད། དེ་བཞིན་ད་ལོར་ཡང་ཨ་རའི་ཨར་ལམ་མཐོ་སློབ་དང་མཉམ་དུ་ཤེས་ཡོན་སྤེལ་རེས་ཀྱི་འབྲེལ་བ་བྱུང་པ་རེད། ད་ལྟའི་ཆར་ཁོ་རང་ཚོའི་སློབ་ཕྲུག་ང་ཚོས་ཚུར་ལེན་རྒྱུ་རེད། དེ་ནས་རིམ་གྱིས་ང་ཚོའི་སློབ་ཕྲུག་ཕར་གཏོང་རྒྱུའི་ཐབས་ཤེས་བྱེད་རྒྱུ་ཡིན།

ཕྱོགས་གཞིན་ཞིག་ནས་མཐོ་སློབ་གཉིས་ཀྱི་དགེ་རྒན་ཚོ་ཕན་ཚུན་ལ་སོང་ནས་རིག་གཞུང་བརྗེ་ལེན་བྱེད་རྒྱུའི་སྐད་ཆ་ཡང་བཤད་ཀྱི་ཡོད། རྩ་བས་ས་རཱ་མཐོ་སློབ་ཀྱིས་ཕྱི་རྒྱལ་གྱི་མཐོ་སློབ་ཁག་ཁ་ཤས་དང་འབྲེལ་བ་བྱས་ནས། སློབ་ཕྲུག་༦ ཕྱི་རྒྱལ་གྱི་མཐོ་སློབ་ཁག་ལ་སློབ་སྦྱོང་བྱེད་སར་གཏོང་ཐུབ་ཡོད་རེད། ཡང་མཐོ་སློབ་ཁག་ཁ་ཤས་ཀྱིས་ང་ཚོའི་སློབ་ཕྲུག་ཕར་ལེན་རོགས་བྱེད་ཀྱི་འདུག ཡིན་ན་ཡང་ལམ་ཡིག་མ་རག་ནས་མང་པོ་ཞིག་འགྲོ་ཐུབ་མ་སོང་ཞེས་བརྗོད་བྱུང་།

Share this:
༤༤ ཀློག་གྲངས།