སྤེལ་ལྗམ་དུ་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་སྤེལ་འཆར།

ཟླ་འདིའི་ཚེས་༢༤ ཉིན་ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་འཚོག་འདུ་ཞིག་འཚོགས་ཏེ། འཆར་ལོའི་གསུམ་བཅུའི་དུས་དྲན་སྐབས། རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་གྱི་རེ་སྐུལ་དང་། རྒྱ་ནག་གི་དཔོན་རིགས་ཚོར་བོད་དོན་ཐག་གཅོད་དགོས་པའི་དགོས་འདུན་འདོན་རྒྱུ་སོགས་ཀྱི་ལས་འགུལ་སྤེལ་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད།

belgam_2012_11_24སྤེལ་ལྗམ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས་གནས་ཚུལ་བཏང་བ་ལྟར་ན། ཟླ་འདིའི་ཚེས་༢༤ ཉིན་གྱི་ཚོགས་འདུ་དེ་སྤེལ་ལྗམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་གྲོང་ཁྱེར་ཨན་ཁྲིེར་ཝར་ཕན་དུ་འཚོགས་པ་དང་། འཆར་ལོའི་གསུམ་བཅུའི་དུས་དྲན་སྲུང་བརྩིའི་ལས་འགུལ་དེ་ཡུ་རོབ་བོད་རིགས་ཚོགས་པ་ཁག་དང་བོད་དོན་ལས་འགུལ་བའི་ཚོགས་པ་ཁག་མཉམ་འབྲེལ་གྱིས་སྤེལ་ལྗམ་རྒྱལ་ས་སྤར་སིལ་དུ་གཞི་རྒྱ་ཆེ་བའི་འདུ་འཛོམས་རང་བཞིན་གྱི་ལས་འགུལ་ཞིག་སྤེལ་རྒྱུའི་ཐད་ལ་གྲོས་སྡུར་བྱས་ཡོད་པ་རེད། ཚོགས་འདུ་དེར་ཡུ་རོབ་ཀྱི་བོད་མི་མང་སྤྱི་འཐུས་རྣམ་གཉིས་དབུ་བཞུགས་ཐོག་ཡུ་རོབ་རྒྱལ་ཁབ་ཁག་བཅུ་སྟེ། སྤེལ་ལྗམ་དང་། དབྱིན་ལན། ཧོ་ལན་ཊི། ཧྥ་རན་སི། ཨི་ཊ་ལིས། སི་པན། སུད་སི། པོ་ལན་ཏྲི། འཇར་མན། ནོར་ཝེ་བཅས་ཀྱི་བོད་རིགས་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་སྐུ་ཚབ། བོད་དོན་ལས་འགུལ་ཚོགས་པ་སྤེལ་ལྗམ་ས་གནས་གཞོན་ནུ། ས་གནས་ཆུ་སྒང་། སིད་སུ་མི་རབས་གསར་པའི་མཐུན་ཚོགས། རྒྱ་བོད་མཛའ་འབྲེལ་ཚོགས་པ། སུད་བོད་མཛའ་འབྲེལ་ཚོགས་པ་ཁག་གི་སྐུ་ཚབ་བཅས་མི་གྲངས་སུམ་ཅུ་ཙམ་འདུ་འཛོམས་བྱུང་ཡོད་ལ། ཚོགས་ཐོག་ཏུ་འཆར་ལོའི་གསུམ་བཅུའི་དུས་དྲན་སྲུང་བརྩི་ཚགས་ཚུད་ཡོང་བར་ཚོགས་ཆུང་ཟུར་འཛུགས་ཀྱིས་ཚོགས་མི་གཏན་འབེབས་དང་།  དུས་དྲན་སྲུང་བརྩི་དང་འབྲེལ་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཆེས་མཐོའི་ལྷན་ཁང་ཁག་ནང་ལ་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་རྒྱུ།   རྒྱ་ནག་གི་དཔོན་རིགས་གསར་པར་དགོས་འདུན་ཞུ་ཡིག་གཏོང་རྒྱུ་བཅས་གྲོས་ཆོད་ཁག་བཅུ་ཙམ་བཞག་ཡོད་པ་རེད།  ཚོགས་བཅར་མ་ཐུབ་ཀྱང་ཚོགས་འདུའི་ཐག་གཅོད་ལ་རྒྱབ་སྐྱོར་ཡོད་པའི་བརྡ་ལན་འབྱོར་བཨོ་སི་ཁྲི་རི་ཡ། ཊན་མག སུད་ཝེ་ཏན། ཨེ་ཨར་ལན་ཊི། ཨུ་རུ་སུ་བཅས་ཀྱི་བོད་རིགས་ཚོགས་པ་རྣམས་ཡོད་པ་རེད།།

Share this:
༣༦ ཀློག་གྲངས།