རྒྱ་རིགས་ཀྱིས་རང་ལུས་མེར་སྲེག་སྐོར་ལ་འབོད་སྐུལ།

ཨ་རི་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བའི་ཚོགས་པ་ཁག་ཅིག་ཐུན་མོང་ནས་བྲིས་པའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་དང་།  གཞུང་གི་འགོ་ཁྲིད།  ཡུ་རོབ་མནའ་མཐུན་ཚོགས་པ།  མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་ཕུལ་རྒྱུའི་འབོད་སྐུལ་གྱི་ཡི་གེ་(རང་ལུས་མེར་བསྲེགས་སྐོར།)ཞིག་འདི་ཚེས་༢༥ ཉིན་གྱི་དགོང་དྲོ་དངོས་སུ་དྲྭ་ཐོག་ནས་འགྲེམས་སྤེལ་བྱས་པ་དང་།  འབོད་སྐུལ་ཡི་གེ་དེར་ས་རྟགས་བསྡུ་ལེན་གྱི་ལས་འགུལ་ཞིག་སྤེལ་འགོ་ཚུགས་ཡོད།

༄༅།  གུས་བརྩི་འོས་པའི་(སྙན་ཞུ་འབུལ་ཡུལ།)མཆོག་ལ།

ཕྱི་ལོ་༢༠༠༩ཟླ་༢པ་ནས་བཟུང་རྒྱ་ནག་དམར་པོའི་དབང་འོག་ཏུ་ཡོད་པའི་བོད་རིགས་ས་ཁུལ་དུ་བོད་མིས་རང་ལུས་བསྲེགས་པའི་གནས་ཚུལ་བསྟུད་མར་ཐོན་པ་མ་ཟད།  སྐབས་རེ་ཉིན་གཅིག་ལ་སེར་སྐྱ་མི་གྲངས་བཞིས་རང་ལུས་བསྲེགས་པའི་གནས་ཚུལ་ཡང་བྱུང་ཡོད།  ཕྱི་ལོ་༢༠༡༢ཟླ་༡༡ཚེས་༢༡བར་དངོས་སུ་ར་འཕྲོད་བྱུང་བ་མི་༧༨ཀྱིས་རང་ལུས་བསྲེགས་ཡོད་པ་དང་།  དེའི་ཁྲོད་ནས་མི་༦༠ལྷག་ཙམ་འདས་གྲོངས་སུ་གྱུར་ཡོད།  བོད་མིས་རང་ལུས་བསྲེགས་པའི་རིམ་བསག་གི་གྲངས་འབོར་དང་།  གཅིག་རྗེས་གཉིས་མཐུད་ཀྱི་དུས་ཚུད་བཅས་ག་ནས་བལྟས་ཀྱང་།  ཡིད་སེམས་སྐྱོ་བའི་དཀའ་སྡུག་གི་ཚད་ནི་ཧ་ཅང་ཆེ་ཞིང་།  རང་བསྲེགས་ཀྱི་གནས་ཚུལ་ད་དུང་མུ་མཐུད་ཐོན་བཞིན་ཡོད།

ཚེ་སྲོག་གསོས་པ་དེ་ཚོ་ཉིན་རེ་བཞིན་དང་།  རེ་རེ་བཞིན་མེ་ཕུང་གི་ཁྲོད་དུ་མེད་པར་གྱུར་བ་དང་།  རྒན་དར་གཞོན་གསུམ་དང་།  སྐྱེས་པ་དང་བུད་མེད།  གྲ་པ་དང་ཨ་ནེ།  མང་ཚོགས་དཀྱུས་མ་བཅས་་་་་་     བོད་འདི་མིས་འཚིག་བཞིན་ཡོད།

ཡང་སྙིང་བོད་དུ་གནས་ཚུལ་ག་རེ་བྱུང་བ་རེད་དམ།  བོད་མི་འདི་འདྲའི་མང་པོས་དེ་ལྟ་བུའི་སྡུག་བསྔལ་ཆེན་པོ་དེ་འདྲ་འཁུར་ནས་ཡ་ང་བའི་ཐབས་ལམ་ལ་བརྟེན་ཏེ་རང་གི་ཚེ་སྲོག་བློས་བཏང་བྱས་པ་ནི།  ༡༩༦༣ལོར་ལྷོ་ཝེ་ཏེ་ནམ་གྱི་གྲ་པ་སྒོང་རྡ་ཡིས་སའེ་ཀོན་(Saigon)གྲོང་ཁྱེར་དུ་རང་ལུས་བསྲེཌ་པ་དང་།  ༡༩༦༦ལོར་རྒྱ་ནག་གི་གྲ་པ་ལེང་ཆིང་གིས་ཕྷ་མན་དགོན་དུ་རང་ལུས་བསྲེགས་པ།  ༢༠༠༩ལོར་རྒྱ་གཞུང་ནས་བཙན་བཤེད་ཀྱིས་སྡོད་ཁང་བཤིགས་པའི་སྡུག་བསྔལ་མྱོང་མཁན་ཐང་ཕྷུ་ཀྲིན་གྱིས་དྲིན་ཏུར་རང་ལུས་བསྲེགས་པ་དང་འདྲ་བར།  བོད་མིའི་རང་བསྲེགས་ཀྱི་རྒྱབ་ཏུ་ཤིན་ཏུ་རྒྱ་ཆེ་ལ་ཧ་ཅང་ལྕི་ཞིང་།  བཟོད་དཀའ་བའི་སྤྱི་ཚོགས་རང་བཞིན་གྱི་སྡུག་བསྔལ་ཞིག་ཡོད་པ་ནི་སྨོས་མ་དགོས།

རང་ལུས་བསྲེགས་མཁན་བོད་མི་དེ་ཚོས་རང་ཉིད་བློས་བཏང་བྱས་པ་ལས་གཞན་ལ་འཚེ་བ་ཏིལ་འབྲུ་ཙམ་བྱས་མེད།  འོན་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་མིས་གཞན་ལ་འཚེ་བ་བྱས་མི་འདུག་བསམ་ནས་སྣང་མེད་ཚོར་མེད་དུ་བསྡད་ན་མི་འགྲིག  མིའི་སྲོག་ནི་ཧ་ཅང་གི་རིན་ཐང་ཆེ་བས་རང་བསྲེགས་ཀྱི་ཁྲོད་དུ་ཚེ་སྲོག་ཤོར་བ་ནི་གོད་ཆགས་ཡིན།  རང་བསྲེགས་ཀྱི་དོན་རྐྱེན་རེ་རེའི་རྒྱབ་ཏུ་ཡ་ང་བའི་སྡུག་བསྔལ་ཁྲི་སྟོང་མང་པོ་ཡོད།  རང་བྱུང་གནོད་འཚེ་འབྱུང་སྐབས་མིའི་རིགས་ཀྱིས་མི་ཆོས་རིང་ལུགས་ཀྱི་འདུ་ཤེས་བཟུང་ནས་རོགས་ཕན་བྱེད་ཀྱི་ཡོད་པ་དང་།  བོད་མིའི་རང་བསྲེགས་ཀྱི་དོན་རྐྱེན་དང་།  དེའི་རྒྱབ་ལོག་གི་བོད་མིའི་དཀའ་སྡུག་ནི་མི་ཚོས་དེ་བས་དོ་སྣང་དང་།  རོགས་ཕན་བྱེད་དགོས་པའི་གོད་ཆགས་ཞིག་ཡིན་པས།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཟུར་ནས་ལྟད་མོ་ལྟས་ཏེ་བསྡད་ན་གཏན་ནས་མི་འགྲིག  དེ་ནི་བདག་དབང་གི་གནད་དོན་མིན་པར།  ས་ཡོམ་དང་།  མུ་གེ  དམག་འཁྲུག་གི་གོད་ཆགས་དང་འདྲ་བར་མི་ཆོས་དང་འབྲེལ་བའི་གནད་དོན་ཞིག་ཡིན་སྟབས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ངེས་པར་དུ་འགན་འཁུར་དང་།  ཐག་གཅོད་བྱེད་དགོས་པ་ཞིག་ཡིན།

དེར་བརྟེན་ང་ཚོས་སྐུ་ཉིད་ལ།  མི་ཆོས་རིང་ལུགས་ཀྱི་འདུ་ཤེས་བཟུང་བ་དང་།  འགན་འཁུར་གྱི་འདུ་ཤེས་ཡོད་པའི་སྒོ་ནས་འཕྲལ་དུ་བྱ་ཐབས་བཟུང་སྟེ།  མིས་བཟོས་པའི་གོད་ཆགས་ཡོང་བཞིན་པ་འདི་འགོག་ཐབས་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

ང་ཚོས།  སྐུ་ཉིད་ནས་སྐུ་ཉིད་ཞུགས་ཡུལ་ཆབ་སྲིད་ཚོགས་པ་དང་།  སྒྲིག་འཛུགས།  སྲིད་གཞུང་།  གསར་འགོད་པ།  རྒྱལ་སྤྱིའི་ཚོགས་སྡེ་བཅས་བརྒྱུད་ནས་གཤམ་གྱི་ལས་འགུལ་ཁག་སྤེལ་རོགས་ཞུ་རྒྱུ་ཡིན།

༡༽            རྒྱ་ནག་དམར་པོའི་དབང་འོག་ཏུ་ཡོད་པའི་བོད་རིགས་ས་ཁུལ་དུ་བོད་མིས་རང་ལུས་བསྲེགས་པའི་གནས་ཚུལ་བསྟུད་མར་འབྱུང་བཞིན་པ་འདི།  འཕྲལ་མར་ཐག་གཅོད་དགོས་པའི་རྒྱལ་སྤྱིའི་གནད་དོན་ཞིག་ལ་བརྩིས་ནས་སྐུ་ཉིད་གནས་ཡུལ་རྒྱལ་ཁབ་དང་།  སྒྲིག་འཛུགས་ཀྱིས་རྒྱ་དམར་དང་གཞུང་འབྲེལ་གྱི་འབྲེལ་ལམ་ཡོང་སྐབས་ངེས་པར་གླེང་དགོས་པའི་དོན་གནད་ཀྱི་ཁོངས་སུ་འཇོག་དགོས།

༢༽            སྐུ་ཉིད་གནས་ཡུལ་ས་གནས་ཀྱི་ཚོགས་པ་དང་།  སྒྲིག་འཛུགས།  གྲོས་ཚོགས།  སྲིད་གཞུང་།  དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་དང་།  ཡོ་རོབ་མནའ་མཐུན་ཚོགས་པ།  རྒྱལ་སྤྱིའི་ཚོགས་སྡེ་བཅས་ནས་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་པ་བཙུགས་ཏེ་རྒྱ་དམར་གྱི་དབང་འོག་ཏུ་ཡོད་པའི་བོད་རིགས་ས་ཁུལ་(ལྷག་པར་དུ་ཡང་ཡང་རང་བསྲེགས་གནས་ཚུལ་ཡོང་སའི་ས་ཁུལ།)དུ་བསྐྱོད་ནས་ས་གནས་རང་དུ་བོད་མིའི་གནས་སྟངས་དང་།  རང་བསྲེགས་ཀྱི་གནས་ཚུལ་ཡོང་དགོས་པའི་རྒྱུ་རྐྱེན་ལ་ཞིབ་འཇུག་གནང་རོགས།  དུས་མཚུངས་དེ་ལྟའི་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་པ་འདི་རང་དབང་ཆ་ཚང་ཡོད་པའི་སྒོ་ནས་བོད་ནང་ཞིབ་འཇུག་ཏུ་བསྐྱོད་ཆོག་པ་རྒྱ་དམར་གཞུང་ལ་རེ་འདུན་འདོན་དགོས།

༣༽            རྒྱ་དམར་གཞུང་གིས་འཕྲལ་དུ་བོད་ནང་གི་བོད་མིའི་ཆོས་དད་རང་དབང་དང་།   མི་རིགས་ཀྱི་རིག་གཞུང་དང་།  སྐད་ཡིག་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་ཐོབ་ཐང་འགན་སྲུང་བྱེད་དགོས་པ་དང་།  ༸གོང་ས་ཏཱ་ལའི་བླ་མ་ཆོག་རང་དབང་གི་ཐོག་ནས་བོད་དུ་ཕྱིར་ལོག་གནང་རྒྱུ་(དེ་ནི་རང་ལུས་བསྲེགས་མཁན་བོད་མི་ཚོའི་དགོས་འདུན་གཙོ་བོ་ཞིག་ཡིན།)དང་།  དེ་བཞིན་བོད་ཀྱི་གནད་དོན་ཐག་གཅོད་ཡོང་དགོས་ན།  བཙན་བྱོལ་བོད་གཞུང་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་གྲོས་མོལ་གནང་དགོས་པའི་རེ་འདུན་འདོན་དགོས།

རྒྱ་དམར་གཞུང་གིས་བཙན་བྱོལ་བོད་གཞུང་གིས་རང་བསྲེགས་ངན་སྐུལ་བྱས་ཚུལ་སྐྱོན་འཛུགས་བྱེད་ཀྱི་ཡོད།  ༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་སྲོག་ལ་གཅེས་སྤྲད་དགོས་ཞེས་ཡང་ཡང་འབོད་སྐུལ་གནང་གི་ཡོད་པ་ལས།  མུ་མཐུད་རང་བསྲེགས་ཀྱི་གནས་ཚུལ་ཐོན་རྒྱུའི་ཐུགས་རེ་གནང་གི་མེད།  བཙན་བྱོལ་བོད་གཞུང་གིས་ཀྱང་རྒྱ་གཞུང་ནས་རྡ་རམ་ས་ལར་ཞིབ་འཇུག་བྱེད་མཁན་བཏང་སྟེ།  རང་དབང་ལྡན་པའི་རྒྱལ་སྤྱིའི་ཞིབ་འཇུག་ཚོགས་པ་དང་མཉམ་དུ་རྒྱ་གཞུང་གི་སྐྱོན་འཛུགས་བདེན་པ་ཡིན་མིན་ཞིབ་འཇུག་བྱེད་རྒྱུའི་རེ་འབོད་གནང་ཡོད།  དེར་བརྟེན།

༤༽            ང་ཚོས།  སྐུ་ཉིད་ཀྱིས་རྒྱ་དམར་གཞུང་ལ་བཙན་བྱོལ་བོད་གཞུང་གིས་རེ་འབོད་དེ་ཚོར་བཟང་པོའི་བརྡ་ལན་དགོས་པའི་རེ་འདུན་བཏོན་རོགས་ཞུ་རྒྱུ་ཡིན།

སྐུ་ཉིད་ནས་ཐུགས་སྣང་དང་།  གདུང་སེམས་མཉམ་སྐྱེད།  བྱ་ཐབས་བཟུང་བ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  ང་ཚོས།  སྐུ་ཉིད་ཀྱིས་བྱ་ཐབས་དེ་ཚོ་གང་སྔ་སྔ་དང་།  ཤུགས་ཆེ་ཙམ་བྱུང་ན།  དེས་མི་གཅིག་གམ་ཡང་ན་མི་མང་པོ་ཞིག་གི་ཚེ་སྲོག་སྲུང་སྐྱོབ་ཐུབ་ཀྱི་ཡོད།

ལྷག་བསམ་རྣམ་དག་གི་སྒོ་ནས་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

རྒྱ་ཡིག་ནས་བོད་ཡིག་ཏུ་སྒྱུར་མཁན་ཨ་རི་སྐུ་ཚབ་དོན་ཁང་གི་དྲུང་འཕར་ཀུན་དགའ་བཀྲིས།

Share this:
༡༣༧ ཀློག་གྲངས།