བཙུན་མ་སངས་རྒྱས་སྒྲོལ་མའི་ཞལ་ཆེམས།

sangge_dolma2ཟླ་འདིའི་ཚེས་༢༥ ཉིན་རྒྱབ་བོད་ནང་གི་ཆུ་ཚོད་བདུན་པ་ཙམ་ལ། བོད་མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྡོ་དཀར་མོ་ཡུལ་ཚོའི་སྲིད་གཞུང་ཡོད་ས་ནས་བཙུན་མ་སངས་རྒྱས་སྒྲོལ་མས་རང་ལུས་མེར་སྲེག་གིས་སྐུ་གྲོངས་ཡོད་པ་དང་། ཁོང་གིས་ཞལ་ཆེམས་ཡི་གེ་ཞིག་བཞག་པའི་ནང་འཁོད་དོན།

ཕྱིར་ཕེབས་སོང་། བོད་པ་ཚོ་ཡར་ལ་ལྟོས། །ཡར་གྱི་དགོང་སྔོན་གནམ་ལ་ལྟོས། །བྲག་དཀར་ཐེམ་པའི་གུར་ཁང་དུ། ང་ཡི་བླ་མ་ཕྱིར་ཕེབས་སོང་། །བོད་པ་ཚོ་ཡར་ལ་ལྟོས། །ཡར་གྱི་གངས་རིའི་རྩེ་ལ་ལྟོས། གངས་སེང་དཀར་མོ་ཕྱིར་ཕེབས་སོང་། །ང་ཡི་གངས་སེང་ཕྱིར་ཕེབས་སོང་། །བོད་པ་ཚོ་ཡར་ལ་ལྟོས། །ཡར་གྱི་རྒྱ་རྫོང་ནགས་ལ་ལྟོས། །ཐང་དང་གཡུ་ལོའི་མཛེས་སྡུག་ལྟོས། །ང་ཡི་རྒྱ་སྟག་ཕྱིར་ཕེབས་སོང་། sangge_dolma1བོད་པ་ཚོ་ཡར་ལ་ལྟོས། །ཡར་གྱི་གངས་རིའི་ལྗོངས་ལ་ལྟོས། །གངས་ཅན་སྐལ་བ་ཡར་འགྲོ་རེད། །བོད་པ་རང་དབང་རང་བཙན་རེད། །རྒྱལ་བ་བསྟན་འཛིན་རྒྱ་མཚོ། །རྒྱང་རིང་ཡུལ་ན་ཡོད་དུས། །རྒྱལ་ཁམས་བསྐོར་ནས་ཕེབས་དུས། །སྡུག་བསྔལ་འོག་གི་གདོང་དམར་བོད་པ།། མུན་ནག་ཁྲོད་ནས་སེལ་བའི་སྨོན་ལམ། །པཎ་ཆེན་བླ་མ་བཙོན་དུ་ཡོད་དུས། །བཙོན་ཁང་ནང་དུ་ཕྱི་ལ་ལྟོས་ནས།། ང་ཡི་ཁ་བ་གངས་རིའི་ལྗོངས་ལ། །བདེ་སྐྱིད་ཉི་མ་ཤར་བར་སྨོན། །ཁ་བ་གངས་རིའི་བདེ་སྡུག་གི་ཆེད་དུ། ཞེས་བྲིས་ཡོད་འདུག

འདྲ་པར་ཞིག་གི་སྟེང་དུ། གངས་དཀར་པོའི་གཅེས་ཕྲུག་གངས་ཅན་བུ་དང་བུ་མོ། གངས་རིའི་བུ་རྒོད་རྣམ་པ་བོད་པ་ཡིན་པ་མ་བརྗེད།    སངས་རྒྱས་སྒྲོལ་མ་ནས་ཞེས་བྲིས་འདུག ཡིག་སྐོགས་ཀྱི་སྟེང་ལ་བོད་རང་བཙན་རྒྱལ་ཁབ་ཅེས་སོགས་བྲིས་ཡོད་འདུག །

Share this:
༡༠༦ ཀློག་གྲངས།