རྒྱལ་གཅེས་དཔའ་བོ་སྐལ་བཟང་སྐྱབས་ཀྱི་ཞལ་ཆེམས།

01_kalsang_kiybཟླ་འདིའི་ཚེས་༢༧ ཉིན་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་རྐྱང་ཚ་ཡུལ་ཚོའི་སྲིད་གཞུང་གི་སྒོ་ འགྲམ་དུ་བོད་མི་སྐལ་བཟང་སྐྱབས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་རྗེས་རྒྱ་ནག་གཞུང་གིས་ས་གནས་སུ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་རེད།

དྷ་ས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱལ་གཅེས་དཔའ་བོ་སྐལ་བཟང་སྐྱབས་སྐུ་གྲོགས་རྗེས་ཉིན་དེའི་དགོང་བོད་ནང་གི་མཚན་མོའི་དུས་ཚོད་༡༠ ཙམ་ལ་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་དགེ་འདུན་པ་༤༠ ལྷག་རྒྱལ་གཅེས་དཔའ་བོ་སྐལ་བཟང་སྐྱབས་ཀྱི་ནང་དུ་ཕེབས་ནས་བསྔོ་བ་སྨོན་གསུངས་པ་དང་། ཕྱི་ཚེས་༢༨ ཉིན་སྒོས་གཤོག་ཀའི་མི་མང་གཙོ་བོར་གྱུར་པའི་ཐག་ཉེ་རིང་གི་བོད་མི་སྟོང་ཕྲག་ལྷག་གིས་ཁོང་གི་སྐུ་ཕུང་ལ་ཁ་བཏགས་འཐེན་པ་དང་ཤུལ་ལུས་ནང་མི་རྣམས་ལ་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་མཆོད་མེའི་ཞལ་འདེབས་ཕུལ་བ་དང་། བསྔོ་བ་སྨོན་ལམ་གནང་བ་སོགས་ཀྱི་ཆེད་དུ་མི་ཚོགས་ཧ་ཅང་མང་པོ་འདུ་འཛོམས་བྱུང་དང་འབྱུང་བཞིན་ཡོད་འདུག

ཟླ་འདིའི་ཚེས་༢༨ ཉིན་གྱི་སྔ་དྲོ་རྐྱང་ཚ་ཡུལ་ཚོའི་ཐོག་ཏུ་དྲག་ཆས་ཉེན་རྟོག་པ་དང་སྤྱི་བདེ་ཉེན་རྟོག་པ་སོགས་༢༠༠ ལྷག་དང་དེ་བཞིན་སྒོས་གཤོག་ཀའི་རྒྱབ་ཀྱི་རི་མགོ་ན་དྲག་ཆས་ཉེན་རྟོག་པ་རླངས་འཁོར་ཆེ་བ་གཅིག་དང་ཉེ་འཁོར་གྱི་འབྲིང་བ་ཡུལ་ཚོ་ནང་དུའང་དྲག་ཆས་ཉེན་རྟོག་པ་རླངས་འཁོར་ཆེ་བ་གཉིས་བཅས་སླེབས་ནས་དམ་དྲག་བྱེད་བཞིན་ཡོད་འདུག་ལ། ས་ཁུལ་དེའི་ཕྱོགས་སུ་དྲ་རྒྱའི་རྒྱུད་ལམ་བཀག་སྡོམ་བྱས་ཡོད་འདུག

རྒྱལ་གཅེས་དཔའ་བོ་རྐྱང་ཚ་སྐལ་བཟང་སྐྱབས་ཀྱི་ཞལ་ཆེམས་ཤིག་བཞག་ཡོད་པའི་ནང་འཁོད་དོན། “འཇིག་རྟེན་ཁམས་ཀྱི་དྲིན་ཆེ་བའི་དྲིན་ཅན་གྱི་ཕ་མ་གཉིས་ཀ་གཙོ་བྱས་པའི་སྤུན་དང་སྲིང་མོ་ཚང་མ་བདེ་མོ་གྱིས། ང་རང་ག་བོད་ཁ་བའི་སྐྱིད་སྡུག་གི་ཆེད་དུ་རང་སྲོག་མེ་ལ་སྒྲོན་རྒྱུ་ཡིན། རྒྱལ་བ་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་ཞབས་པད་བརྟན་དགོས། བོད་ཁ་བར་བདེ་སྐྱིད་ཀྱི་ཉི་མ་ཞིག་འཆར་རྒྱུ་ངའི་རེ་བ་ཡིན།”ཞེས་བྲིས་ཡོད་འདུག

http://www.tibetexpress.net/bo/home/2010-02-04-05-37-19/9731-2012-11-27-15-48-23

Share this:
༡༦༡ ཀློག་གྲངས།