མེར་སྲེག་གི་ལས་འགུལ་འདི་ལ་གྲུབ་འབྲས་མི་འདུག

འདབ་པ་ཚེ་དབང་མགོན་པོ། ས་རཱ་མཐོ་སློབ།

སྤྱིར་རྒྱལ་གཅེས་དཔའ་བོ་རྣམས་ཀྱིས་ལུས་སྲོག་ཕངས་མེད་དུ་བཏང་སྟེ་བོད་ཀྱི་རྩ་དོན་མི་རིགས་དང་བཅས་པར་གཅེས་ཏེ། བློས་གཏོང་གི་བྱ་བ་འདིར་སུ་ཞིག་གི་ངོས་ནས་འདི་འཐད་དང་འདི་མི་འཐད་ཅེས་སྨྲ་བར་བྱེད་པའི་དབང་ཆ་ཅི་ལ་ཡོད།

དེ་བས་ཀྱང་ཤེས་ཡོན་གྱི་གནས་ཚད་ཞན་པ། འཛམ་གླིང་ཁྱོན་ཡོངས་ཀྱི་གནས་སྟངས་མི་ཤེས་པ། ཆབ་སྲིད་ཀྱི་གོ་རྟོགས་ཀྱི་དམན་པ། མི་རིགས་གཞན་དང་གྲོགས་འདྲིས་གྲོགས་མཆེད་ཀྱི་འབྲེལ་ལམ་ཉུང་བ། བོད་ཀྱི་རྩ་དོན་མི་རིགས་དང་བཅས་པ་ལ་བྱས་རྗེས་སོགས་ཡེ་ནས་མེད་པའི། བདག་འདྲ་བ་ཞིག་གིས་བཤད་པར་བྱ་བའི་གནས་ཤིག་མ་ཡིན་པར་ངེས་སླ་ཡང་། རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་སྒེར་གྱི་ངོས་ནས་བསམ་ཚུལ་ཐུང་ཐུང་ཞིག་བཤད་ན་མི་ཆོག་པ་ཨེ་ཡོད་སྙམ།

སྤྱིར་བཏང་གི་དབང་དུ་བྱས་ན་བོད་དུ་རྒྱལ་གཅེས་དཔའ་བོ་དགུ་བཅུ་ལྷག་གིས་རང་ལུས་མེར་བསྲེགས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ནའང། སྟོབས་འབྱོར་མངའ་ཐང་གིས་ཕྱུག་པའི་ཤར་ནུབ་ཁག་གི་གསར་ལམ་ཁག་དང་། གནད་ཡོད་མི་སྣ་རྣམས་ཀྱི་བགྲོ་གླེང་དང་ཚོགས་འདུ། ལྷག་པར་གཞུང་དང་། ཆབ་སྲིད་པ། རྩོམ་པ་པོ། མི་མང་སོགས་ཀྱིས་དེ་ཙམ་དུ་དོ་སྣང་མེད་པ་སོགས་ལ་བལྟས་ན། འབྱུང་འགྱུར་གྲུབ་འབྲས་ལྡན་པའི་ལས་འགུལ་ཞིག་ཏུ་འགྱུར་བ་ཁག་པོ་རེད་འདུག དཔེར་ན་འདས་པའི་དུས་སུ་མི་རིགས་གཞན་གྱིས་མེར་སྲེག་གི་ལས་འགུལ་སྤེལ་ཏེ་འཐབ་རྩོད་བྱེད་མཁན་མི་སྣ་བཅུ་གྲངས་ལས་བྱུང་མྱོང་མེད་ནའང་། ད་ཆར་དེ་ཚོ་སྐད་ཡིག་གང་ཞིག་གི་ཐོག་ནས་འཚོལ་བཤེར་བྱ་དགོས་ཚེ་ལྟ་ཆོག་ཆོག་དང་རྙེད་ཆོག་ཆོག་གི་ངང་ནས་དྲ་ཐོག་ཏུ་འཁོད་ཡོད་པ་ཀུན་གྱིས་མཐོང་གསལ་ཡིན། དེ་ལས་ལྡོག་སྟེ་བོད་པའི་མེར་སྲེག་གི་ལས་འགུལ་འདི་ནི་སྔར་འགོ་བཙུགས་པ་ནས་བཟུང་ད་ལྟའི་བར་འཛམ་གླིང་གི་དྲ་ངོས་གང་ནས་བལྟས་ནའང་དབེན་པའི་རི་ཁྲོད་ཀྱི་སྒོམ་ཆེན་ལྟར་མཚམས་ནག་དགུ་བཅད་བྱས་ཏེ་བསྡད་འདུག

གནས་ཚུལ་འདི་ལ་བསམས་ནའང་ལས་འགུལ་འདི་ནི་གྲུབ་འབྲས་མེད་པའི་རྒྱང་རིང་དུ་ལྷག་པའི་མགྲོན་པོ་ཞིག་དང་ཁྱད་ཅི་ཡོད། ཁོ་བོས་བྱས་ན་འདི་ནི་ཇི་སྲིད་བར་ཁེར་རྐྱང་དུ་ལུས་པའི་ཉེན་བརྡ་ཆུང་ཆུང་ཞིག་བཏང་ཚར་འདུག མ་ཟད་ཉེན་བརྡ་འདི་ནི་ལོང་བས་གཟུགས་མཐོང་དང་འོན་པས་སྒྲ་ཐོས་ལྟར་མ་ཡིན་པར་ཉན་པ་པོ་རྣམས་ཀྱིས་ཉན་ཅོག་ཀྲོང་ངེར་ངང་ནས་གསན་དགོས་པའི་དུས་ཀྱང་སླེབས་འདུག  འདི་ནི་འུ་ཚོའི་མི་རིགས་རྣམས་གྱིས་ངེས་པར་དུ་བློ་རྣལ་དུ་བབས་ཏེ་ཐུགས་བསམ་བཞེས་དགོས་པ་ལས། འགྲེལ་ལོག་དང་བཤད་ལོག་བྱས་ཏེ་བོད་ཀྱི་སོན་རྩ་མི་རིགས་བཅས་པ་ལ་གོ་ཐལ་ཤོར་མི་རུང་། གལ་ཏེ་འུ་ཚོས་ལས་འགུལ་འདི་ལྟ་བུའི་ཚབས་ཆེན་གྱི་ཁྲོད་དུ་ནོར་འཁྲུལ་ཤོར་ཚེ་འབྱུང་འགྱུར་ལོ་རྒྱུས་ཀྱི་ནང་ནས་མི་རིགས་ཕམ་ཉེས་སུ་གཏོང་བའི་བྱེད་གཏེ་ངོ་མ་དེར་འགྱུར་སྲིད་ལ།  སྐབས་དེ་དུས་བོད་མི་ན་གཞོན་རྣམས་ཀྱིས་འུ་ཚོར་འཁང་ར་དང་འཁོན་འཛིན། དེ་བཞིན་དད་ལོག་ཀྱང་བྱེད་དགོས་པའི་གནད་དོན་ཞིག་སླེབས་སྲིད།

ད་དུང་དེ་བས་ཀྱང་མི་འགའ་ཞིག་གིས་རྒྱ་ནག་གི་དཔལ་འབྱོར་དེ་ནི་གནས་སྐབས་ཙམ་ཞིག་ལས་མཐར་ཐུག་ལ་ཁུངས་མི་འཁྱོལ་བ་དང་། ངོ་ཚོའི་མི་རིགས་འདི་ནི་ལོ་ངོ་སྟོང་ཕྲག་གི་གོང་ནས་བརྒྱུད་པའི་སངས་རྒྱས་ཀྱི་ཆོས་ལུགས་དང་འབྲེལ་བའི་སྙིང་སྟོབས་ལྡན་ལུགས་སོགས་བརྗོད་དེ་ལས་འགུལ་འདི་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེ་ནི་རང་ཉིད་ཀྱིས་མེར་སྲེག་གི་སྡུག་བསྔལ་མྱོང་མི་དགོས་པ་དང་། སོ་སོའི་ནང་མིའི་དཀའ་ངལ་མིན་པ་ཙམ་ལས་གཞན་བཤད་དུ་ཅི་ཡོད། ཡང་མི་འགའ་ཞིག་གིས་བོད་ཀྱི་གཞོན་སྐྱེ་རྣམས་ཀྱིས་འགག་རྩར་ཐུག་དུས་གདོང་ལེན་བྱེད་ཐུབ་ཀྱི་འདུག་ལ། དེ་ནི་རྒན་པ་ལས་ཀྱང་ལྷག་པའི་སྤོབས་པ་རེད་ཅེས་ཟེར་ནས་རྒྱབ་སྐྱོར་བྱེད་ཀྱི་འདུག སྐད་ཆ་འདི་ནི་གཞན་གྱི་ཚེ་སྲོག་དང་སྡུག་བསྡལ་སོགས་ལ་ཤ་ཚ་དང་སྙིང་རྗེ་མེད་པའི་སྐད་ཆ་ཞིག་རེད། གལ་ཏེ་འཇིག་རྟེན་འདིར་བོད་ཀྱི་གནད་དོན་འདི་མེ་སྲེག་གི་ལས་འགུལ་སྤེལ་ཏེ་གྲུབ་འབྲས་ཡོད་པ་ཞིག་འགྱུར་སྲིད་ན་བོད་མི་དགུ་བཅུ་ལྷག་གིས་མེར་སྲེག་པ་དེས་གྲུབ་འབྲས་མ་ཐོན་པ་ཅི་ཡིན།

དེ་མིན་གྲུབ་འབྲས་མེད་པའི་གནས་ཤིག་ཡིན་ཕྱིན་མེ་སྲེག་ཇི་ཙམ་སྤར་ནའང་དེ་ཙམ་དུ་ནང་མི་སྤུན་ཆེན་རྣམས་འབྱུང་འགྱུར་བློ་ཕམ་དང་སེམས་འཚབ་འོང་རྒྱུ་ལས་གཞན་པའི་བྱེད་ཐབས་གང་ཡོད། མ་ཟད་མེར་སྲེག་བྱེད་མཁན་ཚོའི་ནང་ཕལ་ཆེ་བ་ནི་ལོ་ཉི་ཤུ་ནས་སུམ་ཅུའི་བར་སླེབས་པའི་ན་གཞོན་ཤ་སྟག་རེད། ལྷག་པར་དུ་བྱམས་བརྩེ་དང་འཚེ་མེད་ཀྱི་ཕན་བདེ་སྒྲུབ་མཁན་རྣམས་ཀྱིས་ངེས་པར་མཁྱེན་དགོས་པ་ཞིག་ལ། ཁོང་ཚོའི་ནང་ནས་ཁྱིམ་ཚང་དང་བཟའ་ཟླ་བུ་ཕྲུག་ཡོད་པའི་སྐྱེས་པ་དང་བུད་མེད་མང་པོ་ཡོད་ཅིང་། ཁོང་ཚོའི་བུ་ཕྲུག་རྣམས་ཀྱི་ངོས་ནས་བཤད་ན་རང་ཉིད་ཀྱི་ཕ་མ་འཇིག་རྟེན་འདིར་བྲལ་བ་འདི་འབྲལ་སྟངས་ཇི་ཡིན་ལ་མ་ལྟོས་པར། སེམས་སྡུག་དང་དཀལ་ངལ་སོགས་ཀྱི་ལྕི་ཚད་དེ་སུས་འཇལ་ནུས། འདི་ནི་མྱོང་བ་པོ་ཞིག་གི་ངོས་ནས་ཚོར་ནའང་དེ་མིན་པའི་ཆབ་སྲིད་པ་དང་གང་ཟག་གཞན་རྣམས་ཀྱིས་ཅི་ནས་རྟོགས་ཐུབ་བམ། དེའི་ཕྱིར་ང་ལྟ་བུའི་གང་ཟག་ཙམ་མ་ཡིན་པར་འུ་ཚོའི་ཤར་ནུབ་གང་སར་གནས་པའི་མཁྱེན་ལྡན་པ་རྣམས་ཀྱིས་འཕྲལ་ཕུགས་རྒྱང་གསུམ་ལ་བསམ་གཞིག་དང་། གནད་དོན་འདི་ལ་ནན་ཞིབ་བྱས་ཏེ་གཞིས་ལུས་རྒྱ་ཆེ་མི་མང་རྣམས་ལ་མེར་སྲེག་གི་ལས་འགུལ་འདི་མཚམས་འཇོག་བྱེད་པའི་རེ་སྐུལ་ཞུ་རྒྱུའི་དུས་ལ་སླེབས་ཡོད།

ཡང་གནད་དོན་གཞན་ཞིག་ལ་བསམས་ན་བོད་ནང་ནས་མི་ཞིག་གིས་མེར་སྲེག་བཏང་ནའང་། རྒྱ་ནག་གཞུང་གིས་གནས་ཚུལ་དེ་ནི་ཕྱིར་མི་ཁྱབ་པའི་ཆེད་དུ་ཕྱི་རྒྱལ་གྱི་མི་རིགས་གཅིག་ཀྱང་བོད་དུ་མི་གཏོང་པར་དམ་དྲག་བྱས་པ་མ་ཟད་ས་ཆ་འགའ་ཞིག་ཏུ་དགོན་པ་སྒོ་བརྒྱབ་པ་དང་། དེ་བཞིན་ཚོང་པ་དང་འགྲུལ་པ་རྣམས་ཀྱི་འགྲོ་ལམ་བཀག་སྟེ་དཀའ་ངལ་སྤྲོད་ཀྱིན་ཡོད་པ་སོགས་ལ་བལྟས་ན། བོད་ཀྱི་གནད་དོན་འདིར་རྒྱ་ནག་གིས་སྔར་ལས་ཀྱང་གྱོང་གུད་སྤྲོད་རྒྱུའི་རྣམ་པ་ལས་གྲུབ་འབྲས་ཡོད་པ་ཞིག་གང་ཡང་མ་མཐོང་། ད་དུང་བོད་ཀྱི་ས་འཁོབ་ཚོང་ཟོག་དང་ཟས་གོས་ཡོངས་སུ་བཅད་དེ་བོད་མི་རྣམས་ཀྱིས། ནམ་ཞིག་རྒྱ་ནག་གཞུང་ལ་མ་བསྟུན་མ་རམ་བསྟུན་བཟོ་རྒྱུའི་འཆར་གཞི་ཡོད་པའི་སྐད་ཆ་གོ་རྒྱུ་ཡོད་པ་དང་།ས་ཆ་འགའ་ཞིག་ཏུ་དགོན་པ་ཁག་ཏུ་གྲྭ་ཆུང་ཡོད་པ་རྣམས་རྫོང་དུ་དམག་མིའི་ནང་བཅུག་སྟེ་དམག་སྦྱོང་སྤྲོད་པའི་གནས་ཚུལ་ཡོད་པ་བོད་ནས་འོང་མཁན་རྣམས་ལ་བཤད་རྒྱུ་འདུག

ད་དུང་བཙན་བྱོལ་སྤྱི་ཚོགས་སུའང་དེ་རིང་བོད་དུ་མི་ཞིག་གིས་མེར་སྲེག་བཏང་སྟེ། རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་འདུག་ཅེས་ཟེར་ནས་ངོ་སྤྲོད་བྱེད་དུས་དོ་སྣང་དང་ཉན་འཇོག་བྱེད་མཁན་དེ་ཙམ་དུ་མི་འདུག་ལ། དེའི་རྒྱབ་ལྗོངས་དང་གནད་དོན་སོགས་ཀྱང་དངོས་སུ་གསལ་བསྒྲགས་བྱས་བ་མཐོང་དུས། དེ་རིང་ཡང་བསྐྱར་མེར་སྲེག་བྱས་པ་རེད་དམ་ཞེས་མིག་ལྟ་ཙམ་ཡང་མི་བྱེད་པར་འགྲོ་རྐྱང་བྱེད་ཀྱི་འདུགདེ་བས་ཀྱང་རྡ་རམ་ས་ལའི་ཉེ་འཁོར་དུ་བློ་ཕམ་བ་ཞིག་ལ་ཐུགས་སྤྲོ་གཏོང་མཁན་དང་མཛད་སྒོ་བྱེད་མཁན་ཉིན་རེ་ནས་ཉིན་རེ་མང་དུ་འགྲོ་བ་དང་། མ་ཟད་མི་རྣམས་ཀྱིས་ཀྱང་ཐབས་ལམ་འདི་ནི་མེད་དུ་རུང་བ་ཞིག་ལ་ངོས་འཛིན་བྱེད་མཁན་དང་། གྲུབ་འབྲས་ལྡན་པའི་ལས་འགུལ་ཞིག་ལ་ཡིད་ཆེས་ཐུབ་པ་དང་གདེང་ཚོད་ཡོད་མཁན་མ་མཐོང་ཞིང་།དེའི་ཕྱིར་ངས་བྱས་ན་ད་ཆར་མེར་སྲེག་གི་ལས་འགུལ་འདི་ནི་མཚམས་འཇོག་བྱས་ཏེ་བོད་མི་རྣམས་ཀྱིས་ཐབས་ལམ་གཞན་ཞིག་བཙལ་པའི་རེ་སྐུལ་ཞུ་རྒྱུའི་དུས་ལ་མ་ཕྱི་མ་སྔ་ཙམ་དུ་སླེབས་འདུག །

Share this:
༥༦ ཀློག་གྲངས།