འདི་ལྟར་འགྲོ་སོང་།

 

ཅི་ཞིག་ལ། གཅིག་རྗེས་གཉིས་མཐུན་དུ་རང་སྲོག་དམར་པོ་མེ་ལ་སྦར། ཅི་ཞིག་ལ། རྔམ་ནག་གི་མུན་པ་གྱེན་ལ་བརྫེས། འཇིག་རྟེན་གྱི་གྲུ་ཁ་འདི་ན་ཡ་ང་དང་དངངས་སྐྲག་གི་ལོ་ཟླ་སྐྱ་བོར། ངུ་རྡུང་དང་འུར་ཟིང་གི་ལོ་ཟླ་ནག་པོར། ཁྱེད་ཀྱི་རང་དབང་གི་ཚེ་སྲོག་དམར་པོ་སུས་སྦར་སོང་། ཁྱེད་ཀྱི་བདེ་སྐྱིད་ཀྱི་འཚོ་བ་སུ་ཡིས་བསྣུབས་སོང་།


ང་ཚོས་ཁྱེད་ཀྱི་མེ་འོད་ཀྱི་དབུས་སུ། ཞུམ་མེད་ཀྱི་སྙིང་སྟོབས་དང་བདེན་དོན་གྱི་རལ་གྲི། མི་འཇིགས་པའི་སྤོབས་པ། འགྱུར་བ་མེད་པའི་མི་རིགས་ཀྱི་ལ་རྒྱ་སོགས་ལ། ཕངས་སེམས་དང་འགྱོད་སེམས་སྐྱེས་ནས་ངུ་འབོད་བྱེད་བཞིན། ཁྱེད་ཀྱིས་ཕུགས་བསམ་དང་དྲང་བདེན་གྱི་ཕྱོགས་ལ་ནམ་ཡང་འགྱུར་བ་མེད་པར་སྤྱོད་བཞིན་ཡོད། དཔའ་བོ་ཚོ། ཁྱེད་ཀྱིས་ང་ཚོ་ལ་བཅང་པའི་རེ་བ་དང་ཡིད་ཆེས་འདི་དག། ང་ཚོས་ཕོར་པ་བྲང་ལ་སྦྱར་དགོས་ཀྱང་ནམ་ཡང་ཆུད་ཟོས་སུ་མ་བཏང་བར་དྲང་བདེན་གྱི་རལ་གྲི་ཕྱར་ནས་སྒྲུབ་བཞིན་ཡོད་ལ། སྒྲུབ་ཀྱང་དགོས་པ་ཞིག་ཅི་ལ་མིན།
དཔའ་བོ་ལགས། ཁྱེད་ཀྱི་དྲང་བདེན་དང་སྙིང་སྟོབས། མི་འཇིགས་པའི་སྤོབས་པ། མི་རིགས་ཀྱི་ལ་རྒྱ་འདི་དག་ལ་ངས་ཡིད་སྨོན་ཤོར་གྱིན། ཡིན་ཡང་གཡང་གཟར་གྱི་ལམ་འཕྲང་འདི་ནས། ཁྱེད་འདི་ལྟར་ཤོར་སོང་། དེ་ལྟར་བོར་སོང་། དཔའ་བོ་ལགས་ཁྱེད་ཀྱི་ང་ཚོ་ཅིའི་ཕྱིར་མ་བསྒུགས་སམ།
དཔའ་བོ་ལགས། ང་ཚོས་ཁྱེད་ཀྱི་གཟི་བརྗིད་དང་ལ་རྒྱ། ཞུམ་པ་མེད་པའི་སྙིང་སྟོབས། དྲང་བདེན་གྱི་རལ་གྲི་འདི་དག་ཁྱེར་ནས་དུས་ནམ་ཞིག་གི་ཚེ་ན། གཟི་བརྗིད་དང་འོད་སྣང་འཕྲོ་བའི་ཕོ་བྲང་པོ་ཏ་ལ་རུ་༧རྒྱལ་དབང་ཐམས་ཅད་མཁྱེན་པ་གདན་འདྲེན་ཞུ་བ་དང་གཞིས་བྱེས་ལྷན་འཛོམས་བྱེད་པ་ནི། ཁྱེད་ཀྱི་གཟི་བརྗིད་དང་སྙིང་སྟོབས་ཁོ་ན་ལས་མ་འདས་སོ།
ངོ་མ། གདུག་རྩུབ་དང་འདོད་རྔམ་ཆེ་བའི་སྲིད་གཞུང་དམར་པོ། ཅི་ཞིག་ལ། ད་དུང་ཡང་འདོད་པ་མ་ཁེངས་པ་ཡིན་ནམ། ཅི་ཞིག་ལ། མིའི་བུ་དུ་མ་ཞིག་ཟ་བཞིན་ཡོད་དམ། ད་དུང་ག་ཚོད་ཅིག་ཟ་རྩིས་ཡོད་ནམ། དམར་གཞུང་འདི་ངོ་མ་དྲང་བདེན་དང་ལ་རྒྱ་ཡོད་པའི་མི་རིགས་འདི་ལ་ཅི་ཕྱིར་མི་དགའ་བ་ཡིན་ནམ། ད་དུང་ང་ཚོས་དམར་གཞུང་འདི་ལ་ཅི་ཞིག་སྟེར་དགོས་པ་ཡིན་ནམ། ང་ཚོས་ཅི་ཉེས་སོང་བ་ཡིན་ནམ།
སྐྱ་ཐེང་ཐེང་གི་རི་ལུང་འདི་ནས། སྟོང་སང་སང་གི་ནམ་མཁའ་འདི་ནས། བདག་གི་ངོ་གདོང་ལ་ལྗིད་ཏིག་ཏིག་གི་ལོ་ཟླ་ནག་པོ་ཞིག་བརྩེགས་ཤིང་། བདག་གི་དྲན་གདུང་ལ་མེ་དཔུང་ལྟ་བུའི་སྐོམ་གདུང་ཞིག་བསྩལ་སོང་། ངོ་མ་འཇིག་རྟེན་གྱི་གྲུ་ཁ་འདི་ནི་སྔར་བཞིན་མུན་ནག་གི་བཟས་ཤིང་། རྫས་དུད་ཀྱིས་སྦགས་འདུག ངས་ཁྱེད་ཀྱི་འོད་དུ་འབར་བའི་ཚེ་སྲོག་གི་བདེན་དོན་དྲན་བཞིན་ཡོད། གཏན་དུ་བཞག་པའི་སྙིང་སྟོབས་ཀྱི་གཟི་བརྗིད་དྲན་བཞིན་ཡོད། དཔའ་བོ་ལགས།
ས་རཱ་མཐོ་སློབ་ཀྱི་རིག་གནས་ལོ་རིམ་གཉིས་པའི་སློབ་མ་རིག་འཛིན་སྨོན་ལམ་གྱིས་སྤྱི་ལོ་༢༠༡༢ཟླ་བ་༡༢ཚེས་༣ཉིན།

 

Share this:
༡༨༠ ཀློག་གྲངས།