རྒྱལ་ཚོགས་ཀྱི་སྐད་ཆ་དེ་མུ་མཐུད་ཐུབ་བམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༡༤  ཕྱི་ལོ་ ༢༠༡༢/༡༢/༥
རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་ཕྱི་ལོ་༡༩༩༨ ལོར་སྐུ་ལུས་མེ་མཆོད་ཕུལ་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང། དུས་དེ་ནས་བཟུང་བོད་ཕྱི་ནང་གཉིས་སུ་ཡོངས་གྲགས་ཀྱིས་ངོས་འཛིན་བྱེད་བཞིན་པ་རྒྱལ་གཅེས་དཔའ་བོ་དཔའ་མོ་༩༧ གྱིས་རང་ལུས་མེར་སྲེག་བཏང་བ་དང་།

དེའི་ནང་ནས་འདས་གྲོངས་སུ་གྱུར་ཟིན་པའི་གྲངས་ཀ་ཡང་༧༨ དུ་གྱུར་ཡོད། གནད་དོན་འདིའི་ཐོག་ནས་བོད་ཕྱི་ནང་གི་བོད་མི་རྣམས་ལ་ཧ་ཅང་སེམས་འཚབ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་དང། རྒྱ་དམར་དྲག་གཞུང་གིས་དེ་ལ་སེམས་འཚབ་ཆེན་པོ་ཡོད་པའི་རྣམ་པ་ཙམ་ཡང་མ་བསྟན་པ་དང། ད་དུང་རྒྱལ་སྤྱིའི་ཐོག་ནས་ཀྱང་དོན་ཕན་ལྡན་པའི་རྒྱབ་སྐྱོར་ཞིག་མ་ཐོབ་པར་བརྟེན། ཚེ་སྲོག་དེ་དག་དོན་མེད་ཆུད་ཟོས་སུ་འགྱུར་བར་དོགས་པ་བྱེད་བཞིན་ཡོད།

བོད་མི་བརྒྱ་ལ་ཉེ་བ་ཞིག་གིས་རང་ལུས་མེ་མཆོད་ཕུལ་བ་དེ་ཉེ་བའི་ཆར་བྱུང་བའི་གནས་ཚུལ་ཞིག་ཡིན་པ་དང། ཕྱི་ལོ་༡༩༤༩ ལོ་ནས་ད་བར་བོད་མི་འབུམ་༡༢ ལྷག་གིས་བོད་དོན་ཆེད་རྒྱ་དམར་གཞུང་གི་ལག་འོག་ནས་ཚེ་སྲོག་ཤོར་ཡོད་པ་རེད། གནད་དོན་འདི་དག་ནི་བོད་མི་རིགས་ཀྱི་སེམས་ནང་གི་ན་ཟུག་ཆེས་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་དང། ཉེ་བའི་ཆར་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གིས་སྐུ་ལུས་མེ་མཆོད་དུ་ཕུལ་བའི་གནས་ཚུལ་གྱིས་འདས་ཟིན་པའི་དཔའ་བོ་དཔའ་མོ་དེ་དག་གི་ཤ་འཁོན་ཡང་བོད་མི་རིགས་ཀྱི་སེམས་ལ་བསྐྱར་དུ་དྲན་གསོ་བཏང་ཡོད། དེར་བརྟེན་བོད་མི་རིགས་ཀྱི་ངོས་ནས་བོད་རྒྱའི་གནད་དོན་ཐག་གཅོད་ཅིག་མ་བྱུང་བ་དེ་སྲིད་དུ་བོད་ཕྱི་ནང་གཉིས་ནས་བོད་དོན་ལས་འགུལ་མཚམས་འཇོག་གཏན་ནས་བྱེད་མི་ཐུབ་པ་ཞིག་ཏུ་གྱུར་ཟིན།

བོད་མི་མང་པོ་ཞིག་གིས་ཚེ་སྲོག་བློས་བཏང་གནང་ཡང་རྒྱལ་སྤྱིའི་ཁྱོན་ནས་དོ་སྣང་མེད་པར་སེམས་འཚབ་དང་བློ་ཕམ་ཆེན་པོ་ཡོད་བཞིན་པའི་སྐབས་སུ། རེས་གཟའ་པ་སངས་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་ནཱ་ཝི་ པིལ་ལཱེ་ཡིས། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གླེང་སློང་བྱས་པ་ནི། ཚེ་སྲོག་དེ་དག་གིས་བསྐྲུན་པའི་རིན་ཐང་ལ་མཉམ་འབྲེལ་རྒྱལ་ཚོགས་སུ་དོ་སྣང་སྤྲད་པ་ཞིག་ཏུ་གྱུར་ཡོད་ལ། ད་ལན་ཐེངས་གཅིག་གླེང་བ་ཙམ་མ་ཡིན་པར་མ་འོངས་པར་མུ་མཐུད་ནས་རྒྱལ་ཚོགས་སུ་བོད་དོན་སྐོར་གླེང་སློང་དང། དྲང་བདེན་གྱི་ཐོག་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་ཐུབ་ན། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་ཞིག་གིས་མུ་མཐུད་དུ་ཚེ་སྲོག་བློས་གཏོང་མི་དགོས་པར་དེ་དག་སྐྱོབ་ཐུབ་པའི་རེ་བ་ཡོད།

སྤྱི་ཡོངས་ནས་བོད་མི་བརྒྱ་ལ་ཉེ་བ་ཞིག་གིས་བོད་དོན་ཆེད་རང་ལུས་མེར་སྦར་ནས་རྒྱ་གཞུང་ལ་ངོ་རྒོལ་དང་རྒྱལ་སྤྱིའི་ཐོག་ཞུ་འབོད་བྱས་པ་ཡིན་ལ། དེ་དང་ཆབས་གཅིག་ཏུ་བོད་པ་ཡོངས་རྫོགས་ཀྱི་སེམས་འདུན་གཅིག་ཏུ་སྒྲིལ་ཐུབ་པར་ནུས་པ་གལ་ཆེ་ཞིག་ཐོན་ཡོད་པ་ནི། རྒྱལ་སྤྱིའི་རྒྱབ་སྐྱོར་དང་རྒྱ་གཞུང་གི་འགུལ་བསྐྱོད་རྒྱག་པ་གཉིས་ལས་ཀྱང་གལ་ཆེ་བ་དང། རྒྱ་གཞུང་གིས་དྲག་རྩུབ་དང་བསླུ་བྲིད་འབའ་ཞིག་གིས་བོད་དོན་ཞི་འཇམ་དུ་གཏོང་ཐབས་བྱ་རྒྱུའི་འཆར་གཞི་དེ་ལམ་ལྷོང་གཏན་ནས་མེད་པར། བོད་མི་རིགས་ཀྱི་སེམས་ནང་དུ་འཐབ་རྩོད་ཀྱི་ངར་ཤུགས་གསར་པ་ཞིག་མེ་མཆོད་དུ་ཕུལ་བ་དེ་དག་གི་ནུས་པ་ལ་བརྟེན་ནས་བྱུང་བ་ནི། གཞན་གང་གིས་ཀྱང་འགྲན་ཐབས་མེད་པའི་གྲུབ་འབྲས་ཆེ་ཤོས་ཤིག་ཏུ་གྱུར་ཡོད། བོད་མི་རིགས་ཀྱི་སེམས་ཤུགས་ཉམས་སོང་ན། རྒྱལ་སྤྱིའི་རྒྱབ་སྐྱོར་ཡོད་པའི་དབང་དུ་བཏང་ཡང་ཐག་གཅོད་ཡོང་རྒྱུའི་རེ་བ་གཏན་ནས་མེད།

མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་དྲག་པོའི་ཐོག་ནས་གཅིག་སྡུད་དབང་འཛིན་པ་ཚོར་ངོ་རྒོལ་བྱས་པར་དོ་སྣང་དང་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་པ་དང། བོད་མི་མང་པོ་ཞིག་གིས་རང་སྲོག་བློས་བཏང་ནས་ཞི་རྒོལ་བྱས་པར། དོ་སྣང་དང་རྒྱབ་སྐྱོར་མ་བྱས་ན་རང་སྲོག་བློས་གཏོང་ཐུབ་པའི་དཔའ་བོ་དཔའ་མོ་ཞིག་གིས་ཞི་བའི་ངོ་རྒོལ་དང་ནུས་པ་ལ་རྒྱབ་སྐྱོར་མེད་པར་བརྟེན། བྱེད་ཐབས་དེ་ལ་བློ་ཐག་ཆོད་ནས་རང་ཤི་གཞན་གསོད་བྱེད་སྲིད་པའི་མཚམས་སུ་སླེབས་སྲིད་པ་རེད། དེར་བརྟེན་མ་འོངས་པར་གནད་དོན་དེ་ལྟ་བུར་གྱུར་ཟིན་པའི་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལི་བྷི་ཡ་དང། སི་རི་ཡ་སོགས་སུ་དོ་སྣང་དང་རྒྱབ་སྐྱོར་བྱེད་བཞིན་པ་ལྟར་བྱས་པའི་དབང་དུ་བཏང་ཡང། ནང་པའི་ཆོས་ཀྱི་གྲིབ་བསིལ་འོག་བོད་དེ་ཞི་བའི་བསྟི་གནས་སུ་བསྒྱུར་རྒྱུའི་རེ་བ་ཉག་གཅིག་འཛིན་པའི་བོད་མི་རིགས་ཀྱི་སེམས་ཁམས་སླར་གསོ་ཡོང་རྒྱུ་ཧ་ཅང་ཁག་པོར་གྱུར་ཡོད།

རང་ཉིད་ཀྱི་ཚེ་སྲོག་བློས་གཏོང་ཕོད་པའི་དཔའ་བོ་ཞིག་ལ་མཚོན་ན་གཞན་ཞེད་སྣང་དང་སྐྲག་སྣང་བྱེད་ཡུལ་གཅིག་ཀྱང་མེད་པར་གང་ཡང་བྱེད་ཕོད་ལ། བོད་པའི་མི་རབས་གསར་པ་ནང་ཆོས་ཀྱི་གོ་རྟོགས་མེད་པ་དང། མི་རིགས་ཀྱི་ཤ་འཁོན་སེམས་གཏིང་གི་ན་ཟུག་ཏུ་གྱུར་ཟིན་པ་མང་པོ་ཞིག་གིས་རང་ཤི་གཞན་གསོད་ཀྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་ཀྱིས་སྤེལ་ཡོང་ན། རྒྱ་གཞུང་གིས་ཤ་ཚ་དང་སེམས་ཁུར་མེད་པར་དམར་གསོད་གཏོང་རྐྱང་བྱེད་ངེས་པ་དང། དེ་ལ་བརྟེན་ནས་བོད་མི་རིགས་ཀྱི་ངོས་ནས་ཀྱང་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་རྗེས་སུ་གཅིག་རྒྱབ་གཉིས་མཆོངས་བྱ་རྒྱུའི་ཉེན་ཁ་མིག་མདུན་དུ་སླེབས་ཟིན་པས། མཉམ་འབྲེལ་རྒྱལ་ཚོགས་ནས་བོད་དོན་གླེང་བ་དེ་དུས་ལ་བབ་པ་ཞིག་ཡིན་ཡང། མུ་མཐུད་ཐུབ་མིན་ད་དུང་ཐེ་ཚོམ་དུ་གྱུར་ཡོད་པས། བོད་གཞུང་དང་བཙན་བྱོལ་བོད་མི་རྣམས་ཀྱིས་གནད་དོན་དེ་མུ་མཐུད་ཐུབ་པར་ཤུགས་སྣོན་རྒྱག་མ་ཐུབ་ན་དཔའ་བོ་དཔའ་མོ་དེ་དག་གི་ཞལ་ཆེམས་ཆུ་ལ་བསྐྱུར་བ་དང་གཅིག་མཚུངས་སུ་གྱུར་ཡོད།།

Share this:
༧༧ ཀློག་གྲངས།