མགོ་ལོག་གི་ལ་ལའི་ཆོས་སྐྱབས་འཛིན་བཟུང་བཀག་ཉར།

ཟླ་འདིའི་ཕྱི་ཚེས་༤ ཉིན་གྱི་དགོང་མོར་མགོ་ལོག་པདྨ་རྫོང་ཐོག་ཏུ་རྒྱ་ནག་གཞུང་གིས་ལ་ལའི་ཆོས་སྐྱབས་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༤ ཉིན་གྱི་དགོང་མོར་མགོ་ལོག་པདྨ་རྫོང་ཐོག་ཏུ་རྒྱ་ནག་གཞུང་གིས་ལ་ལའི་ཆོས་སྐྱབས་འཛིན་བཟུངབཀག་ཉར་བྱས་ཡོད་འདུག་ལ། ཁོང་འཛིན་བཟུང་བྱེད་དགོས་དོན་གང་ཡིན་གསལ་ཁ་མེད་ནའང་། དེ་ནི་ཕྱི་ཚེས་ ༣ ཉིན་ཀྱི་མཚན་མོར་འཛིན་བཟུང་བྱས་ཡོད་པའི་ཝ་ཤུལ་རྡོར་བྲུག་ལ་ནག་ཉེས་ཅི་ཡང་མེད་པས། གློད་གྲོལ་གཏོང་རོགས་ཞེས་ཁོང་རྫོང་ཉེན་རྟོག་ཁང་དུ་ཞུ་གཏུག་བྱེད་པར་ཕྱིན་ཡོད་པའི་རྐྱེན་གྱིས་ཡིན་སྐོར་ཁོང་གི་ནང་མི་དང་ས་གནས་བོད་མི་ཚོས་ངོས་འཛིན་བྱེད་བཞིན་ཡོད་འདུག

ལ་ལའི་ཆོས་སྐྱབས་ཀྱི་ནང་མི་སྤུན་མཆེད་ཚོས་ཕྱི་ཚེས་ ༥ ཉིན་ཡར་མར་ལ་འབྲེལ་བ་གང་མང་བྱས་པའི་མཐར་ཁོང་མགོ་ལོག་ཁུལ་ཐོག་གི་བཙོན་ཁང་དུ་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག་ལ། ཁོང་གི་ནང་མི་སོགས་ཀྱིས་ཁོང་ལ་ཟ་ཆས་སོགས་སྐྱེལ་བར་མགོ་ལོག་ཁུལ་ཐོག་ཏུ་ཕྱིན་ཡོད་ཀྱང་། ཁོང་དང་ངོ་ཐུག་ཐུབ་མེད་པ་མ་ཟད། ཁོང་འཛིན་བཟུང་བྱེད་དོན་འགྲེལ་བརྗོད་གཅིག་ཀྱང་བྱས་མེད་པ་རེད།

ལ་ལའི་ཆོས་སྐྱབས་ནི་མགོ་ལོག་པདྨ་རྫོང་རྡོ་གོང་མ་ཡུལ་ཚོའི་གཉི་མདའ་སྡེ་བའི་ཡུལ་མི་ཡིན་པ་དང་། རང་ལོ་༤༥ ཡས་མས་ཤིག་ཡིན་པ་དང་། ད་སྐབས་ཁོང་མགོ་ལོག་པདྨ་རྫོང་ཐོག་ཏུ་རྒྱུན་སྡོད་བྱེད་བཞིན་ཡོད་པ་རེད། ཁོང་ནི་ནམ་རྒྱུན་བོད་པ་ནང་ཁུལ་མི་མཐུན་པའི་རིགས་བྱུང་སྐབས། གཟི་བཤད་མཁན་གྱི་མི་སྣ་གལ་ཆེན་ཞིག་ཡིན་པ་དང་། ཁོང་གི་ཕའི་མིང་ལ་ལའི་ཐོས་པ་དང་(སྔོན་ནས་སྐུ་གྲོངས་ཟིན།) མ་མིང་ལ་དོན་སྐྱིད་ཟེར་ཞིང་། ཁོང་གི་ནང་དུ་ཆུང་མ་དང་ཕྲུ་གུ་ཁ་ཤས་བཅས་ཡོད་འདུག །

Share this:
༤༤ ཀློག་གྲངས།