གྲྭ་བསྟན་འཛིན་བག་དྲོར་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཆད།

རྒྱ་ནག་གཞུང་གིས་གྲྭ་བསྟན་འཛིན་བག་དྲོ་རྒྱ་གཞུང་ལ་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱེད་མཁན་བོད་མི་རྣམས་ཀྱི་འདྲ་པར་ལག་ཁྱེར་ཁ་པར་ནང་ཉར་བའི་ཉེས་མིང་འོག་འཛིན་བཟུང་བྱས་རྗེས ཁོང་ལ་ལོ་གཅིག་གི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ། ཕྱི་ཟླ་༡༡ ཚེས་༣༠ ཉིན་ནང་མིར་འབྱོར་འདུག

གྲྭ་བསྟན་འཛིན་བག་དྲོ་སྐྱེས་ཡུལ་ནག་ཆུ་རུ་གསར་ཉི་མ་ཡུལ་ཚོའི་གྲོང་ཚོ་བཞི་པ་ནས་ཡིན་པ་དང་། ཕ་མིང་ལ་མཐུ་སྟོབས་དང་མ་མིང་ལྷ་སྒྲོན་ཟེར་གྱི་ཡོད་འདུག ད་ལྟ་ཁོང་རང་ལོ་༢༧ ཡིན་པ་དང་། ཆུང་དུས་འབྲི་གུང་བཀའ་བརྒྱུད་ཆོས་བརྒྱུད་འཛིན་པ་འབྲོང་ངུར་དགོན་དུ་ཆོས་ཞུགས་བྱས།

ཕྱི་ཟླ་༡༡ ཚེས་༡༢ དང་༡༣ ཙམ་ལ་རྒྱ་ནག་གཞུང་གིས་གྲྭ་བསྟན་འཛིན་བག་དྲོ་རྒྱ་གཞུང་ལ་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱེད་མཁན་བོད་མི་རྣམས་ཀྱི་འདྲ་པར་ལག་ཁྱེར་ཁ་པར་ནང་ཉར་བ་དང་། ཕན་ཚུན་ལ་མང་པོ་བཏང་འདུག་ཟེར་བའི་ཉེས་མིང་འཛིན་བཟུང་བྱས་ཡོད་པ་དང་། སྐབས་དེར་ཁོང་དང་མཉམ་དུ་གྲྭ་པ་ཁག་ཅིག་འཛིན་བཟུང་བཀར་ཉར་བྱས་ཀྱང་། རྗེས་སུ་གློད་གྲོལ་བཏང་ཡོད་འདུག ཕྱི་ཟླ་༡༠ ཚེས་༤ ཉིན་ཁམས་འབྲི་རུ་རྫོང་ནས་ཡིན་པའི་བོད་མི་དགུ་འགྲུབ་ཀྱིས་བོད་ལ་རང་དབང་དགོས་ཞེས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་པར་ཉར་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་མཁན་ཡང་འདུག
འབྲེལ་ཡོད་ཀྱིས་བརྗོད་པ་ལྟར་ན། ཁོང་རྒྱུན་དུ་བོད་དོན་ལ་དགའ་ཞེན་ཆེན་པོ་ཡོད་མཁན་ཞིག་རེད་འདུག། བོད་ཟླ་དགུ་པའི་ཚེས་ཉེར་དགུ་ལ་འཇུ་བཟུང་བྱས་ནས་བོད་ཟླ་༡༠ ཚེས་༡༡ ཕྱི་ཟླ་༡༡ ཚེས་༢༤ ཉིན། མར་དགོན་པ་བཏང་འདུག ཁོང་དགོན་པའི་ལས་བྱེད་ཅིག་ཡིན་པས། ཁོང་གི་ལག་ཏུ་དགོན་པའི་དངུལ་ཡོད་པ་དེ་ཚོ་ཉིན་གསུམ་རིང་དགོན་པར་རྩིས་རྒྱག་བཅུག་པ་དང་། དེ་རྗེས་སློབ་སྦྱོང་བྱེད་ས་ཞིག་འགྲོ་དགོས་ཟེར་ནས་མགོ་བསྐོར་བཏང་སྟེ་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁྲིད་ཡོད་འདུག བོད་ཚེས་བཅུ་བདུན་ཕྱི་ཚེས་༣༠ ཉིན་ནང་མི་ཚོ་ལ་ཁ་པར་ཞིག་འབྱོར་བ་དང། གྲྭ་བསྟན་འཛིན་བག་དྲོ་ཁོང་ལ་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་ནས། ད་ལྟ་སྟོད་ལུང་གི་བཙོན་ཁང་ཞིག་ལ་ཡོད་སྐོར་བརྗོད་འདུག དེ་རྗེས་ནང་མི་ཞིག་ཐུག་འཕྲད་བྱེད་སོང་ཡོད་ནའང་། མི་སུ་གཅིག་ཐུག་འཕྲད་བྱེད་མཆོག་གི་མ་རེད་ཅེས་རྒྱ་ནག་གཞུང་གིས་ཐུག་འཕྲད་བྱེད་བཅུག་མེད་པ་རེད།།

Share this:
༤༥ ཀློག་གྲངས།