སྟག་ཚང་ལྷ་མོ་ཀིརྟི་དགོན་ནས་རང་ལུས་མེར་སྲེག་གི་ངོ་རྒོལ།

konchok_phelje_01ཟླ་འདིའི་ཚེས་༨ ཉིན་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་། འབྲིང་བའི་སུམ་མདོ་དགོན་གྱི་གྲྭ་དཀོན་མཆོག་འཕེལ་རྒྱས་ཀྱིས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཚོགས་ཆེན་འདུ་ཁང་མདུན་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག

དྷ་ས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁོང་གིས་རང་ལུས་མེར་སྲེག་སྐབས། ཟླ་འདིའི་ཚེས་༨ ཉིན་གྱི་བོད་ནང་ཕྱི་དྲོའི་ཆུ་ཚོད་༥ དང་སྐར་མ་༢༠ ཙམ་ཡིན་པ་དང་། ཁོང་གིས་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་གདན་འདྲེན་ཞུ་དགོས། ཀིརྟི་སྐྱབས་མགོན་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་གཞིས་བྱེས་ལྷན་འཛོམས་ཡོང་དགོས་ཞེས་པའི་འབོད་ཚིག་སྒྲོག་བཞིན་ལག་གཉིས་ཐལ་མོ་སྦྱར་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་བྱས་ནས་མེ་དཔུང་ཆེན་པོའི་ཁྲོད་འདས་གྲོངས་སུ་གྱུར་ཡོད་འདུག

buing_02ཁོང་གིས་རང་ལུས་མེར་སྲེག་གཏོང་བཞིན་པའི་སྐབས་དེར་མཐའ་འཁོར་དུ་གྲྭ་མང་གིས་བསྐོར་ནས་རྒྱལ་གཅེས་དཔའ་བོ་ཁོང་གི་མིང་ནས་བཟུང་སྟེ་སྐད་ཤུགས་ཆེན་པོས་འབོད་བརྡ་བཏང་ཞིང་། དེ་བཞིན་གྲྭ་མང་གིས་བློ་བཟང་རྒྱལ་བ་ཀུན་གྱི་སྙིང་རྗེའི་གཏེར།། གངས་ཅན་བསྟན་འཛིན་ཀུན་གྱི་གཙུག་གི་རྒྱན།། འཇིགས་མེད་ཡེ་ཤེས་རྒྱལ་བ་རྒྱ་མཚོའི་སྡེ།། བླ་མ་སྤྱན་རས་གཟིགས་ཀྱིས་རྗེས་བཟུང་ནས།། གནས་སྐབས་མཐར་ཐུག་བསམ་དོན་ལྷུན་འགྲུབ་ཤོག།།ཅེས་པ་སྐད་ཤུགས་ཆེན་པོས་འུར་འདོན་གནང་ཡོད་འདུག དེ་རྗེས་ཁོང་གི་སྐུ་ཕུང་ཁོ་རང་གི་གྲྭ་ཤག་ཏུ་གདན་དྲངས་ཏེ་གྲྭ་མང་བརྒྱ་ཕྲག་མང་པོས་སྨོན་ལམ་གསུངས་དང་གསུང་མུས་ཡིན་འདུག

monlam_taktsangཁོང་ནི་མཛོད་དགེ་རྫོང་འབྲིང་བ་ཡུལ་ཚོའི་གོས་བརྡ་སྡེ་པ་ནས་ཡིན་པ་དང་། ཕ་དཀོན་མཆོག་སྐྱབས་དང་མ་སྒྲོལ་མ་མཚོ་གཉིས་ཀྱི་བུ་ཡིན་འདུག ཆུང་ཆུང་སྐབས་ནས་འབྲིང་བའི་སུམ་མདོ་དགོན་དུ་ཆོས་ཞུགས་བྱས་ཤིང་། ཕྱི་ལོ་༢༠༡༠ ལོར་སྟག་ཚང་ལྷ་མོ་ཀིརྟི་དགོན་པར་དཔེ་ཆ་ལྟ་རུ་ཡོང་ནས་མཚན་ཉིད་ཀྱི་འཛིན་གྲྭ་ཁ་དོག་གོང་མའི་ནང་དུ་སྒྲིག་ཞུགས་ཀྱིས་མཚན་ཉིད་ཀྱི་གཞུང་ལ་སློབ་སྦྱོང་གནང་མུས་ཡིན་འདུག ཁོང་ལ་ཕ་མ་གཉིས་དང་སྤུན་སྲིང་སོགས་ནང་མི་དགུ་ཡོད་འདུག

དེ་མིན་སྟག་ཚང་ལྷ་མོ་ཀིརྟི་དགོན་པ་དང་ཅུང་ཐག་རིང་བའི་ལྷ་སྡེ་དག་སྟག་ཚང་ལྷ་མོར་ཡོང་རྒྱུ་རྒྱ་གཞུང་གིས་བཀག་སྡོམ་བྱེད་བཞིན་ཡོད་འདུག །

བོད་ནང་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་བསྡོམས་པའི་༩༤ ཆགས་ཡོད་པ་དང་། བོད་ཕྱི་ནང་གཉིས་བསྡོམས་པའི་རང་ལུས་མེར་སྲེག་གིསརྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་༩༩ པ་དེ་ཡིན་པ་རེད། དེའི་ནང་གསལ་པོ་ཤེས་རྟོགས་བྱུང་བ་༨༠ གྲོངས་ཟིན་ཡོད་པ་རེད།།།

Share this:
༢༢ ཀློག་གྲངས།