༧གོང་ས་མཆོག་དབུ་བཞུགས་ཐོག་མཆོད་འབུལ་སྨོན་ལམ།

news_dala_lama_come༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་ཚང་མ་ཚེ་འདི་དང་ཕྱི་མའི་འདོད་དོན་སྒྲུབ་དགོས་མཁན་ཤ་སྟག་ཡིན་པ་རེད།   དེ་ཡང་དཀའ་བ་སྤྱད་དེ་རང་དོན་རང་གིས་སྒྲུབ་དགོས་པ་མ་གཏོགས།  ལས་དོན་གང་ཞིག་ཡིན་རུང་བླ་མའི་བྱིན་རླབས་དང་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་འཕྲིན་ལས་ལ་རེ་སྒུག་བྱས་ནས་སྒྲུབ་ཐུབ་ཐབས་མེད་སྐོར་བཀའ་སློབ་གནང་སོང་།

དེ་ཡང་༧གོང་ས་མཆོག་གིས་རྒྱལ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་བསྩལ་བཞིན་པའི་བྱང་ཆུབ་ལམ་རིམ་གྱི་བཀའ་ཁྲིད་ཉིན་བརྒྱད་པ་སྟེ།  ཟླ་འདིའི་ཚེས་༧ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པའི་ཐོག་བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས་མུ་མཐུད་ནས་དབུ་འཛུགས་གནང་སྐབས།   ཐོག་མར་༧གོང་ས་མཆོག་གིས་ཕྱི་ཚེས་༡༣ ཉིན་བརྟན་བཞུགས་བསྟར་འབུལ་གནང་ཡུལ་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་བྱུང་ན་ལེགས་ཚུལ་དང་།   དེའི་དགོས་པ་རྒྱུ་མཚན་དང་མཛད་རིམ་བཅས་ཀྱི་སྐོར་ལ་ངོ་སྤྲོད་གནང་དོན།

news1_2012_12_8རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཞི་པ་བར་དཔལ་ལྡན་འབྲས་སྤུངས་དགོན་པའི་བླ་མ་གནང་ནས་བཞུགས་པ་བཞིན་ངོས་ཀྱང་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་ཟིན་པའི་རྗེས་སུ་འགྲོ་སྟངས་དེའི་ཐོག་ཕེབས་བཞིན་ཡོད་སྐོར་དང་།  གཞནཡང་༧གོང་ས་མཆོག་གིས་བོད་ཀྱི་གནས་སྟངས་དེ་ད་ལྟ་ཧ་ཅང་ཐབས་སྐྱོ་པོ་ཞིག་ཐོག་གནས་ཀྱི་ཡོད་ན་ཡང་།  ཕྱོགས་གཞན་ཞིག་ནས་རྐྱེན་ངན་གྲོགས་སུ་ཤར་ནས་འཛམ་གླིང་འདིའི་ཐོག་བོད་བརྒྱུད་ནང་བསྟན་དེ་དར་ཁྱབ་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་པ་མ་ཟད།   དེང་སྐབས་འཛམ་གླིང་ཡུལ་གྲུ་གང་སར་ནང་ཆོས་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད་ལ།  ང་རང་ཚོ་ཚང་མས་ནང་ཆོས་ལ་སློབ་གཉེར་གནང་སྟེ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱས་པའི་ཐོག་ནས་བསྟན་པ་ཡོངས་རྫོགས་ལ་གོ་བ་ཆགས་ཐུབ་པ་ཞིག་བྱེད་དགོས་པ་རེད་མ་གཏོགས།   སྨོན་ལམ་བརྒྱབ་པ་གཅིག་པུའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ཀྱི་ཡོད་པ་མ་རེད་ལ།  དེར་བརྟེན་ནད་ཀྱི་རྒྱུ་རྐྱེན་ཤེས་པའི་ཐོག་ནས་སྨན་ཟོས་ཏེ་རིམ་བཞིན་ནད་དྲག་སྐྱེད་ཡོང་གི་ཡོད་པ་བཞིན།   སངས་རྒྱས་ཀྱི་གོ་འཕང་གང་འདྲ་བྱས་ཏེ་སྒྲུབ་དགོས་མིན་ཤེས་པའི་ཐོག་ནས་ཉིན་རེ་བཞིན་གང་ཐུབ་ཀྱིས་སོ་སོའི་སེམས་ལ་བཟོ་བཅོས་བྱས་ཏེ་ལག་ལེན་བསྟར་ཏེ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་དགོས་ཀྱི་ཡོད་པ་རེད།   དེ་ཡང་སེམས་ཞུམ་ནས་མི་སྡོད་པར།  སེམས་ཤུགས་བསྐྱེད་དེ་གོམས་འདྲེས་ལ་བསྟེན་ན།   མ་འགྲུབ་པའི་བྱ་བ་གཅིག་ཀྱང་མེད་སྟབས།   སྒྲུབ་པ་ཉམས་ལེན་བྱས་ཏེ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་དགོས་ཀྱི་ཡོད་སྐོར་གསུངས་སོང་།

དེ་རྗེས་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཁྲིད་ཀྱི་འཕྲོས་བྱང་ཆུབ་ལམ་རིམ་ཆེ་བ་བསམ་གཏན་གྱི་ངོ་བོ་ཞི་གནས་བསླབ་ཚུལ་ནས་དམིགས་པ་གཏོད་པའི་དུས་སུ་ཇི་ལྟར་བྱས་ནས་སེམས་ཇི་ལྟར་གཏོད་ཚུལ་ནས་མུ་མཐུད་ནས་བཀའ་ཁྲིད་བཀའ་དྲིན་བསྩལ་གནང་ཡོད་པ་རེད།

དེ་བཞིན་ཟླ་འདིའི་ཚེས་༨ ཉིན་ནིི་རི་བོ་དགེ་ལྡན་པའི་བསྟན་པའི་སྲོལ་གཏོད་མཁན་རྗེ་ཙོང་ཁ་པ་ཆེན་པོ་དགོངས་པ་མྱ་ངན་ལས་འདས་པའི་ཉིན་མོ་དགའ་ལྡན་ལྔ་མཆོད་ལ་གཏན་ཁེལ་ཡོད་པ་བཞིན། དེ་རིང་གི་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཁྲིད་ཉིན་དགུ་པའི་སྔ་ཐོག་༧གོང་མཆོག་གིས་དམིགས་་བསལ་རྗེ་ཙོང་ཁ་པ་ཆེན་པོའི་རྣམས་ཐར་དང་།   རྗེ་ཙོང་ཁ་པ་ཆེན་པོའི་བསྟོད་པ་དམིགས་བརྩེ་མའི་སྐོར་ལ་ངོ་སྤྲོད་དང་འབྲེལ་གསུང་དོན། རྗེ་ཙོང་ཁ་པ་ཆེན་པོའི་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་ལ་དག་ཐེར་དང་བླ་ན་མེད་པའི་མཁས་པའི་མཛད་རྗེས་བཞག་པར་དྲན་གསོ་བྱེད་དགོས་པ་ཞིག་དང་ང་ཚོ་ཚང་མ་ནི་ཚེ་འདི་དང་ཕྱི་མའི་འདོད་དོན་སྒྲུབ་དགོས་མཁན་ཤ་སྟག་ཡིན་པ་རེད།   དེ་ཡང་དཀའ་བ་སྤྱད་དེ་རང་དོན་རང་གིས་སྒྲུབ་དགོས་པ་མ་གཏོགས།  ལས་དོན་གང་ཞིག་ཡིན་རུང་བླ་མའི་བྱིན་རླབས་དང་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་འཕྲིན་ལས་ལ་རེ་སྒུག་བྱས་ནས་སྒྲུབ་ཐུབ་ཐབས་ཡོད་པ་མ་རེད་ཅེས་སོགས་གསུངས་སོང་།

དེ་རྗེས་༧གོང་ས་མཆོག་ནས་བཀའ་ཆོས་ཀྱི་འཕྲོ་བྱང་ཆུབ་ལམ་རིམ་ཆེ་བ་ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་ལ་བསླབ་ཚུལ་ནས་མུ་མཐུད་ནས་བཀའ་ཁྲིད་གནང་ཡོད་པ་རེད།

གཞན་ཡང་ཉིན་འདིའི་ཕྱི་དྲོ་གསུང་ཆོས་གྲོལ་མཚམས་སུ།   དགའ་ལྡན་ལྔ་མཆོད་དང་སྟབས་བསྟུན་ནས་ལམ་རིམ་གསུང་ཆོས་གོ་སྒྲིག་ཚོགས་ཆུང་ནས་གོ་སྒྲིག་འོག་བོད་བསྟན་སྲིད་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་ཕོ་མོ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་གཞི་རྒྱ་ཆེ་བའི་མཆོད་འབུལ་སྨོན་ལམ་ཞིག་འབྲས་སྤུངས་བློ་གསལ་གླིང་གཙུག་ལག་ཁང་དུ་འཚོགས་སོང་།  དེ་ཡང་ཚོགས་མགོན་དུ་༧གོང་ས་སྐྱབ་མགོན་ཆེན་པོ་མཆོག་དབུ་བཞུགས་གནང་བའི་ཐོག་དགའ་ལྡན་ཁྲི་རིན་པོ་ཆེ་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་སོགས་བླ་སྤྲུལ་དགེ་བའི་བཤེས་གཉེན་དང་དེ་བཞིན་ཆོས་ཞུར་བཅར་བའི་སེར་སྐྱ་ཡོངས་མཉམ་ཞུགས་ཐོག་མཆོད་འབུལ་དང་སྨོན་ལམ་དང་།  བླ་མ་མཆོད་པའི་སྒོ་ནས་འབུམ་ཚོགས་བཅས་གསོག་སྒྲུབ་གནང་སོང་།

མོན་གྷོ་གསར་འགོད་པས།

Share this:
༦༣ ཀློག་གྲངས།