རྩེ་ཁོག་ནས་རང་ལུས་མེར་སྲེག་གི་ངོ་རྒོལ།

ཟླ་འདིའི་ཚེས་༩ ཉིན་གྱི་བོད་ནང་གི་མཚན་མོའི་ཆུ་ཚོད་༨ ཙམ་ལ་མདོ་སྨད་རེབ་གོང་རྩེ་ཁོག་རྫོང་། རྡོ་དཀར་མོ་ཡུལ་ཚོའི་འབྲོག་སྡེའི་ནང་སློབ་མ་བན་ཆེན་སྐྱིད་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་རེད།

ཚེས་༩ མཚན་མོ་སུད་སི་རྒྱལ་ཁབ་ཏུ་གནས་སྡོད་ཤ་བོའི་རྡོ་རྗེ་ལ་skype བརྒྱུད་གནས་འདྲི་བྱས་པར། ཁོང་གིས་འགྲེལ་བརྗོད་གནང་དོན། སློབ་མ་བན་ཆེན་སྐྱིད་ཀྱིས་ཕྱི་ཚེས་༩ བོད་ནང་གི་མཚན་གྱི་ཆུ་ཚོད་༨ རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་འདུག ཁོང་གིས་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་མི་མང་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སྐད་འབོད་བྱས་འདུག་ལ། ཁོང་བོད་མདོ་སྨད་རྩེ་ཁོག་རྫོང་། རྡོ་དཀར་མོ་ཡུལ་ཚོ་ནས་ཡིན་འདུག ཁོང་གིས་རྡོ་དཀར་མོ་ཡུལ་ཚོའི་འབྲོག་ཐོག་ནས་མེར་སྲེག་ངོ་རྒོལ་བྱས་འདུག་ལ། དེ་ནི་ཕུང་པོ་ནང་མིའི་ལག་ཏུ་རག་ཆེད་དུ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད་འདུག

བན་ཆེན་སྐྱིད་དམའ་འབྲིང་ལོ་རིམ་དང་པོ་(འཛིན་རིམ་བདུན་པ)ཡིན་པ་དང་། ད་ལྟ་རང་ལོ་ ༡༧ ཡིན་འདུག་ལ། ཁོང་མོའི་ཕ་མིང་ལ་བསོད་ནམས་ཚེ་རིང་དང་མ་མིང་ལ་གསེར་མོ། སྤུན་མཆེད་ཁོང་ཚོ་གསུམ་ཡོད་པ་ལས་མོ་འབྲིང་བ་དེ་ཡིན་འདུག

ཚེས་༩ བོད་ནང་གི་མཚན་མོའི་ཆུ་ཚོད་ ༡༢།༡༥ ཙམ་ལ་མི་མང་འདུ་འཛོམས་ཀྱིས་ཕུང་པོ་མེར་སྲེག་བཏང་ཡོད་པ་དང་། སྐབས་དེར་མང་ཚོགས་ཀྱིས་བསྔོ་སྨོན་གསུངས་པ་དང་། ༧རྒྱལ་བ་རིན་པོ་ཆེ་ཁྲི་ལོ་བརྟན་པར་ཤོགས་ཅེས་སྐད་འབོད་བྱེད་ཀྱི་ཡོད་འདུག །

བསོད་ནམས་ཀྱིས་གློག་འཕྲིན་བརྒྱུད་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། པན་ཆེན་སྐྱིད་ནི་རྩེ་ཁོག་རྫོང་སློབ་གྲྭའི་དམའ་འབྲིང་གི་ལོ་རིམ་དང་པོ་ཡིན་པ་དང་དུས་རྒྱུན་ཀུན་སྤྱོད་བཟང་ཞིང་སློབ་སྦྱོང་ལ་ཧ་ཅང་ལེགས་པ། ༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་དད་གུས་ཧ་ཅང་ཆེ་བའི་ཁར་བོད་མིའི་བདེ་སྡུག་དང་ཕྱི་ལོག་གི་གནས་ཚུལ་རིགས་ལ་དོ་སྣང་ཡོད་མཁན་ཞིག་རེད་འདུག ཁོང་གི་ཕུང་པོ་མེར་སྲེག་སྐབས། དེར་རྒྱ་ནག་གི་དམག་མི་རླངས་འཁོར་༢འབྱོར་འདུག་པས། དེ་གར་འཛོམས་པའི་སེར་སྐྱ་མི་མང་རང་སར་བཙན་དབང་གིས་ལོག་བཅུག་འདུག་པ་དང་། དེ་གར་དགེ་འདུན་པ་རྣམས་རང་འགུལ་གྱིས་འདས་མཆོད་སྒྲུབ་པར་ཕེབས་འདུག་ཀྱང་རྒྱ་གཞུང་གིས་འདས་མཆོད་སྒྲུབ་མ་བཅུག་པར་བཙན་དབང་གིས་ཕྱིར་ལོག་བྱས་པ་སོགས་ཀྱིས་གནས་ཚུལ་ཛ་དྲག་ཆགས་ཡོད་པའི་གནས་ཚུལ་འགྲེལ་བརྗོད་གནང་སོང་།

རྒྱལ་གཅེས་དཔའ་མོ་པན་ཆེན་སྐྱིད་རེབ་གོང་རྩེ་ཁོག་གཅིག་པུ་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་༤པ་དེ་རེད་ལ། རེབ་གོང་དུ་༢༠༡༢ལོའི་ཕྱི་ཚེས་༡༤ཉིན་གྲྭ་འཇམ་དབྱངས་དཔལ་ལྡན་གཙོས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ད་རག་བར་དུ་༡༦བྱུང་ཡོད་པ་རེད་ཡང་བསོད་ནམས་ཀྱིས་འགྲེལ་བརྗོད་གནང་སོང་།

བོད་ནང་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་བསྡོམས་པའི་༩༥ ཆགས་ཡོད་པ་དང་། བོད་ཕྱི་ནང་གཉིས་བསྡོམས་པའི་རང་ལུས་མེར་སྲེག་གིསརྒྱ་གཞུང་ལ་ངོ་རྒོལ་བྱེད་ མཁན་༡༠༠ པ་དེ་ཡིན་པ་རེད། དེའི་ནང་གསལ་པོ་ཤེས་རྟོགས་བྱུང་བ་༨༡ གྲོངས་ཟིན་ཡོད་པ་རེད།།།

Share this:
༨༠ ཀློག་གྲངས།