སྦིར་དང་ཅོན་ཏ་རར་བོད་དོན་ལས་འགུལ།

2012_12_10__bir1

སྦིར་དང་ཅོན་ཏ་རར་བོད་རིགས་ ༢༠༠༠ ལྷག་འདུ་འཛོམས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་དང་འབྲེལ། བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་སྨོན་ལམ་མཆོད་འབུལ་དང་། མར་མེ་ཁྲོམ་སྐོར་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་པ་རེད།

2012_12_10__birཟླ་འདིའི་ཚེས་༡༠ ཉིན་༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་༢༣ འཁོར་བའི་དུས་དྲན་དང༌། འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་སྟབས་བསྟུན་རྒྱ་གར་ཧི་མ་ཅལ་སྦིར་གཞིས་ཆགས་དང༌། ཅོན་ཏ་ར་གནས་སྡོད་བོད་རིགས་ཡོངས་ནས་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་སྨོན་ལམ་མཆོད་འབུལ་གོ་སྒྲིག་ཞུས་ཡོད་པ་རེད།

དེ་ཡང་སྦིར་རྙིང་མ་དཔལ་ཡུལ་ཆོས་འཁོར་གླིང་དགོན་པར་རི་མགོ་སྤྲུལ་སྐུ་དང༌། རྫོང་སར་བཤད་གྲྭའི་མཁན་ཆེན་འཇམ་དབྱངས་བློ་གསལ་དབུ་བཞུགས་ཐོག སྦིར་ཁུལ་དཔལ་སྤུངས་ཤེས་རབས་གླིང༌། དཔལ་ཡུལ་ཆོས་འཁོར་གླིང༌། པདྨའི་ཨེ་ཝམ་འགྱུར་མེད་གླིང༌། འབྲི་རུ་དགོན་པ། ཅོན་ཏ་ར་ཁུལ་དཔལ་རྫོང་སར་བཤད་གྲྭ བུམ་མང་དགོན་པ། རྫ་བཟང་ཆོས་འཁོར་གླིང་བཅས་ནས་མཁན་བླ་སྤྲུལ་རྣམ་པ་དང༌། དགེ་འདུན་པ་རྣམ་པ། དཔལ་ལྡན་བོད་མི་མང་སྤྱི་འཐུས་མཁན་པོ་ནོར་བུ་ཚེ་རིང་། སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན། ས་གནས་གྲོས་ཚོགས་འཐུས་མི་རྣམ་པ། ས་གནས་འགོ་འཛིན་རྣམ་པ། སློབ་གྲྭའི་སློབ་སྤྱི་རྣམ་པ། རང་བདེན་ཚོགས་ཆུང་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ཚོགས་མི་རྣམ་པ། སུ་ཇཱ་བོད་ཁྱིམ། ཅོན་ཏ་ར་བོད་ཁྱིམ། ཅོན་ཏ་ར་སམ་བྷོ་ཊ་སློབ་གྲྭ། སྦིར་སམ་བྷོ་ཊ་ཉིན་སློབ་བཅས་ཀྱི་དགེ་ལས་སློབ་ཕྲུག་དང༌། ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ། སྦིར་དང་ཅོན་ཏ་ར་ཁུལ་གནས་སྡོད་བོད་རིགས་བཅས་ཁྱོན་མི་གྲངས་ ༢༠༠༠ ཙམ་འཛོམས་ཀྱིས། ཉིན་དེའི་ཉིན་རྒྱབ་ཚོུད་ ༢།༠༠ པའི་ཐོག་སྨོན་ལམ་མཆོད་འབུལ་ཞིག་འཚོགས་ཡོད་པ་དང་།

སྐབས་དེར་སྦིར་ནང་ཆེན་ཅོན་ཏ་ར་ས་གནས་འགོ་འཛིན་ནས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གསུངས་འཕྲིན་སྒྲོགས་སྦྱང་ཞུས་མཚམས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་མཆོག་ནས་གྲོས་ཚོགས་ཀྱི་གསུངས་འཕྲིན་སྒྲོགས་སྦྱང་གནང༌། དེ་ནས་ཕྱི་དྲོ་ཚོུད་ ༥།༠༠ ཐོག་བོད་ནང་སྐུ་ལུས་མཆོད་མེ་འབུལ་མཁན་རྣམས་ཀྱི་ཆེད་མྱ་ངན་ངག་བཅད་སྐར་མ་ ༢ གནང་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ། དེ་རྗེས་སྦིར་བོད་ཚོགས་ས་གནས་འགོ་འཛིན་ཚེ་རིང་ལྷ་མོ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུངས་བཤད་ཡོད་པ་རེད།

2012_12_10__bir1དེ་ནས་ཕྱི་དྲོ་ཚོུད་༥།༣༠ ཐོག་སྦིར་རྙིང་མ་དཔལ་ཡུལ་ཆོས་འཁོར་གླིང་དགོན་ནས་སྦིར་ཁྲོམ་གཞུང་བར་མར་མེ་ཁྲོམ་སྐོར་གོ་སྒྲིག་ཞུས་སྐབས་དགེ་འདུན་པ། སློབ་ཕྲུག བོད་དོན་རྒྱབ་སྐྱོར་བ། མི་མང་བཅས་མཉམ་ཞུགས་གནང་ཡོད་འདུག

Share this:
༡༨༢ ཀློག་གྲངས།