༧གོང་ས་མཆོག་མོན་གྷོ་གཏན་ཉིན་སློབ་གྲྭར་ཆིབས་བསྒྱུར།

mundgod1_2012_ 12 _12ཟླ་འདིའི་ཚེས་༡༢ ཉིན་གྱི་སྔ་དྲོ་༧གོང་ས་མཆོག་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་ས་དགོན་བརྩེ་ཆེན་མདོ་སྔགས་ཆོས་གླིང་དུ་ཆིབས་བསྒྱུར་གནང་བ་དང་། དེ་རྗེས་མོན་གྷོ་འདོད་རྒུ་གླིང་གཏན་ཉིན་སློབ་གྲྭར་ཆིབས་བསྒྱུར་གྱིས་དགེ་སློབ་ཡོངས་ལ་བླང་དོར་བཀའ་སློབ་གནང་ཡོད་པ་རེད།

དེ་ཡང་སློབ་གྲྭའི་ནང་གཏན་སློབ་སློབ་སྤྱི་ཐར་ལམ་སྒྲོལ་མས་༧གོང་ས་མཆོག་སློབ་གྲྭར་ཆིབས་བསྒྱུར་བར་བཀའ་དྲིན་རྗེས་དྲན་གྱི་འཚམས་འདྲི་དང་སྦྲགས། མོན་གྷོ་གཏན་ཉིན་སློབ་གྲྭའི་སྤྱི་ཡོངས་ཀྱི་གནས་སྟངས་ངོ་སྤྲོད་དང་ལས་བསྡོམས་སྙན་སྒྲོན་གནང་དོན།    mundgod3_2012_ 12 _12དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱལ་གར་དུ་བཙན་བྱོལ་ལ་ཞབས་སོར་བཀའ་དྲིན་བསྐྱངས་མ་ཐག   རླབས་ཆེན་གྱི་ཕུགས་རྒྱང་རིང་པོའི་དགོངས་བཞེས་གནང་ནས།  རྒྱ་གར་དབུས་གཞུང་ཤེས་རིགས་ལྷན་ཁང་གི་ཁྱབ་ཁོངས་སུ་བོད་སློབ་གསར་འཛུགས་གནང་བ་དང་ཆབས་ཅིག    བོད་སློབ་འཛིན་སྐྱོང་འོག་གི་བོད་ཕྲུག་རྣམས་ཀྱི་ཆེད།   གཏན་ཉིན་སློབ་གྲྭ་མང་དག་ཅིག་གསར་འཛུགས་གནང་བ་ལྟར་མོན་གྷོ་གཏན་སློབ་འདིར་ཡང་༡༩༦༩ ལོར་གསར་འཛུགས་དབུ་འབྱེད་གནང་ཡོད་པ་རེད་ལ།   ད་ལྟའིི་ཆར་སློབ་གྲྭ་འདིའི་ནང་སློབ་ཕྲུག་ཕོ་མོ་གྲངས་༩༥༢ དང་འཕགས་བོད་དགེ་ལས་གྲངས་༧༦  བཅས་ཡོད།    དེ་ཡང་སྔོན་འགྲོ་ནས་འཛིན་རིམ་བཅུ་གཉིས་བར་སློབ་སྦྱོང་གི་མཐུན་རྐྱེན་སྦྱོར་བཞིན་ཡོད་ལ།  བཙན་བྱོེལ་ནང་གི་སློབ་གྲྭ་ཚོའི་རྒྱ་གར་རྒྱལ་ཡོངས་སུ་ཡིག་རྒྱུགས་གཏོང་སྐབས་ཀྱི་གྲུབ་འབྲས་ཁྲོད་ཨང་རིམ་རྩེར་སོན་ཡོང་གི་ཡོད་སྐོར་སོགས་ལས་བསྡོམས་སྙན་སྒྲོན་ཞུས་ཡོད་པ་རེད།

mundgod4_2012_12 _12དེ་རྗེས་༧གོང་ས་མཆོག་ལ་གཏན་སློབ་སློབ་ཕྲུག་ཁག་གཅིག་གིས་རྩོད་རྒྱུགས་གཟིགས་འབུལ་གྲུབ་པ་དང་། ༧གོང་ས་མཆོག་གིས་ང་ཚོར་འཛམ་གླིང་ཐོག་ངོམ་ཆོག་པའི་སྐད་ཡིག་དང་རིག་གཞུང་ཡོད་ལ།  དེ་ལ་སློབ་སྦྱོང་ཧུར་ཐག་བྱེད་དགོས་སྐོར་གྱི་བླངས་དོར་བཀའ་སློབ་གནང་སྐབས།   བོད་ཀྱི་སྔོན་བྱུང་ལོ་རྒྱུས་ཀྱི་ཐོག་དངོས་ཐོག་བདེན་འཚོལ་བྱས་ནས་བཤད་པ་ཡིན་ན།   རྒྱ་ནག་རང་ཉིད་ཀྱི་ཚན་རིག་དང་ཞིབ་འཇུག་པ་མཁས་པ་ཚོས་མཚོན་པའི་ཨེ་ཤ་ཡ་དང་ནུབ་གླིང་རྒྱལ་ཁབ་ཁག་བཅས།  འཛམ་གླིང་ཐོག་གི་ཚན་རིག་པ་དང་ཞིབ་འཇུག་མཁས་པ་ཚོས་བོད་ཀྱི་ས་གནས་ཁག་ཅིག་ནས་གདོད་མའི་རྡོ་ཆས་དུས་རབས་ནས་བྱུང་བའི་བྱ་དངོས་སམ་གནའ་རྫེས་རིགས་བཅས་ས་འོག་ནས་རྙེད་སོན་བྱུང་བ་ཚོ་ལ་ཞིབ་འཇུག་བྱས་པའི་གྲུབ་དོན།   བོད་དུ་འགྲོ་བ་མི་དར་ནས་ལོ་ངོ་སུམ་སྟོང་ལྷག་འགྲོ་ཡི་ཡོད་པའི་གྲུབ་དོན་འགྲེལ་བརྗོད་གནང་བ་དང་སྦྲགས།   བོད་མི་རིགས་དེ་ཡང་བོད་ས་རང་ནས་དར་ཁྱབ་ཏུ་སོང་བ་ཞིག་དང་།   དེ་བཞིན་བོད་མི་རིགས་ལ་ཐུན་མོང་མ་ཡིན་པའི་སྐད་ཡིག་ཡོད་པ་ཙམ་དུ་མ་ཟད།  འཛམ་གླིང་གི་སྐད་ཡིག་དང་རིག་གཞུང་ནང་སྔོན་ཐོན་རང་བཞིན་དང་། ངོམ་ཆོག་པའི་ནང་ཆོས་ཀྱི་ལྟ་གྲུབ་ལྡན་པའི་རིགས་གཞུང་བཟང་མོ་ཞིག་སོ་སོར་ཡོད་པ་བཅས་ཀྱི་སྤོབས་པ་བྱ་འོས་པ་ཞིག་ཡིན་པས།  ཚང་མས་དེའི་ཐོག་དོ་སྣང་སློབ་སྦྱོང་གནང་དགོས་པའི་སྐུལ་མ་གནང་སོང་།

གཞན་ཡང་༧གོང་ས་མཆོག་གིས་བོད་ཀྱི་འདས་མ་འོངས་ད་ལྟ་གསུམ་གྱི་གནས་སྟངས་སྐོར་ལ། འཛམ་གླིང་ནང་གི་རྒྱལ་ཁབ་ཁག་ཅིག་གི་ལོ་རྒྱུས་དཔེ་མཚོན་དུ་དྲངས་གནང་སྟེ་གསུངས་དོན།   ང་ཚོ་བོད་པ་ལ་ཆ་མཚོན་པ་ཡིན་ན།   ང་རང་ཚོ་ཐུན་མོང་གི་ཁེ་ཕན་ཞིག་ལ་བསམ་བློ་བཏང་ནས་དབུ་མའི་ལམ་ཟེར་བ་དེ་རང་རྒྱལ་གཞན་ཕམ་མིན་པ།   རྒྱ་བོད་གཉིས་ཆར་ཕན་པ་ཡོད་བསྡད་པའི་ཐབས་ཤེས་ཤིག་བྱས་པ་རེད།   འཛམ་གླིང་ཐོག་བལྟས་བསྡད་ཡོད་མཁན་ཚོས།   དངོས་གནས་དྲང་གནས་བོད་པས་ཡག་པོ་བྱེད་ཀྱི་འདུག   བསམ་པ་རྣམ་དག  རྒྱུ་མཚན་ལྡན་པ་ཞིག་བྱེད་ཀྱི་འདུག་བསམ་པ་ཞིག་ཚོར་གྱི་ཡོད་རེད།   ཆབ་སྲིད་གནས་སྟངས་ཀྱི་འོག་ནས་ཡིན་ན་ཡང་།   འདས་པའི་གནས་སྐབས་སུ་བོད་རང་བཙན་རེད་དེ།   ད་ལྟ་ང་ཚོའི་རང་བཙན་དགོས་ཟེར་གྱི་ཡོད་མ་རེད།   དེ་འདྲའི་གནད་འགག་འོག་ལ།  རྒྱ་གར་དང་ཨ་རིའི་མཚོན་པས་རྒྱལ་ཁབ་མང་པོ་ཞིག་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད།   བྱེད་བདེ་བོ་ཡང་ཡོད་པ་རེད།   གང་ལྟར་ང་ཚོས་དངོས་ཡོད་གནས་ཚུལ་ལ་རན་པ་ཞིག་གི་ཐོག་ནས་འཐབ་རྩོད་བྱས་བསྡད་དུས།   འཛམ་གླིང་རྒྱལ་ཁབ་ཚོའི་གདེང་འཇོགས་བྱེད་ཀྱི་ཡོད་པ་ཙམ་དུ་མ་ཟད།  རྒྱབ་སྐྱོར་བྱེད་བདེ་བོ་ཞིག་གི་ཐོག་འགྲོ་བསྡད་ཡོད་རེད།    ང་རང་ཚོ་བོད་རིགས་ནང་དུ་རང་བཙན་རྩོད་ལེན་བྱེད་དགོས་ཀྱི་འདུག་ཟེར་མཁན་ཡང་ཡོང་གི་ཡོད་རེད།   དངོས་གནས་ཐོབ་ཐང་རྩོད་ཀྱི་ཡོད་རེད།  དེ་ལ་རྒྱུ་མཚན་ཡོད་རེད།   ཡིན་ན་ཡང་།  ད་ལྟ་རང་རྩོད་ཀྱི་ཡིན་ཟེར་ན།  ང་ཚོ་ལ་རྒྱབ་སྐྱོར་རག་གི་མ་རེད།   གང་ལྟར་གཉིས་ཕན་གྱི་ལམ་ལ་འགྲོ་དང་མི་འགྲོ་རྒྱ་ནག་གཞུང་ལ་ཐུག་ཡོད་རེད་ཅེས་གསུངས་སོང་།

༧གོང་ས་མཆོག་གིས་མཐུད་གསུངས་དོན། བོད་རྒྱ་ནག་གིས་དབང་བསྒྱུར་བྱས་ནས་མི་ལོ་དྲུག་ཅུའི་བརྒྱུད་རིམ་ནང་བོད་པའི་གནས་ཚུལ་དེ་མཐོང་ཆེ་རུ་འགྲོ་གི་ཡོད་པ་མ་གཏོགས་མར་རྒུད་ཀྱི་མི་འདུག   གང་ལྟར་ང་ཚོ་བོད་པའི་ཐོག་ལ་རྒྱབ་སྐྱོར་དགོས་པ་གལ་ཆེན་པོ་རེད།  གཉིས་ནས་ང་རང་ཚོ་བོད་པ་རང་གི་སེམས་ཤུགས་ཞེ་དྲག་ཡག་པོ་རེད།  ལྷག་པར་དུ་བོད་ནང་གི་གཞིས་ལུས་མི་མང་གི་སེམས་ཤུགས་ཧ་ལས་པ་རེད།    འཛམ་གླིང་ཐོག་བོད་དོན་རྒྱབ་སྐྱོར་དེ་ཡང་ཤུགས་ཆེ་རུ་འགྲོ་བསྡད་ཡོད་པ་རེད།   རྒྱ་ནག་ནང་དུ་ཡང་འགྱུར་བ་འགྲོ་དང་འགྲོ་བཞིན་པ་རེད།   དེ་འདྲ་ཡིན་དུས་བོད་པའི་བདེན་དོན་སེལ་བ་ལ་རེ་བ་ཆེན་པོ་ཡོད་རེད་ཅེས་སོགས་གསུངས་སོང་།

མོན་གྷོ་གསར་འགོད་པས།

Share this:
༡༠༡ ཀློག་གྲངས།