མེར་སྲེག་གཏོང་མ་དགོས་པའི་ཐབས་ཤེས་དགོས།

ཕྱི་ལོ་ཉིས་སྟོང་དགུའི་ལོ་ནས་བཟུང་སྟེ་ད་ལྟའི་བར་དུ་ཤ་རུས་གཅིག་པའི་སྤུན་ཟླ་དགུ་བཅུ་གོ་ལྔ་ཙམ་གྱི་རང་ལུས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་བཞུར་འབུལ་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་སྙིང་སྟོབས་ལ་ཁོ་བོས་རྗེས་སུ་ཡི་རངས་བྱེད་ཀྱི་ཡོད། ཡིན་ན་ཡང་ད་ལྟའི་ཆར་འཛམ་གླིང་ཕྱོགས་ཡོངས་ལ་བལྟས་པ་ཡིན་ན་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་པ་ཙམ་མ་གཏོགས།

ཁ་ཡོད་ལག་ཡོད་ཀྱི་བོད་དོན་ཐད་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་འབོར་ནི་ཧ་ཅང་ཉུང་ཉུང་ཞིག་ལས་མ་འདས། འདས་ཟིན་པའི་དཔའ་བོ་དཔའ་མོ་ཚོའི་རྗེས་དྲན་རྡོ་རིང་ལ་འཐམས་མཁན་ཡང་ང་ཚོ་སྤྱི་ཚོགས་འདིའི་ནང་ཁ་སང་ལས་དེ་རིང་སྡུག་དུ་འགྲོ་བཞིན་པའི་དངོས་ཡོད་གནས་ཚུལ་འདི་དག་མཐོང་ཡོང་དུས་ངོ་མ་ཤ་གསེང་རུས་གསེབ་ནས་ན་ཟུག་དྲག་པོ་ཞིག་སྐྱེས་བཞིན་གདའ།

གང་ལྟར་དེ་རིང་ཁོ་བོས་བརྗོད་འདོད་པ་ནི་རང་ཉིད་བོད་པ་ཞིག་ཡིན་པའི་རྒྱུ་མཚན་དང་གཅིག རང་གི་མི་རིགས་ལ་དུངས་ཞེན་ཟབ་པ་དང་གཉིས། སྤུན་ཟླ་ཚོས་རང་ལུས་མེར་སྲེག་བཏང་བའི་ལས་འགུལ་དེར་བཟོད་མ་ཐུབ་པའི་རྒྱུ་མཚན་དང་བསྦགས་ནས། སྙིང་གཏམ་ཚིག་གསུམ་ཤོད་རྒྱུ་ཡིན། སྤྱིར་བཏང་རང་ལུས་མེར་སྲེག་བཏང་བའི་ལས་འགུལ་དེ་ནི་ཡང་དག་པའི་འཚེ་མེད་ཞི་བའི་ལས་འགུལ་ཞིག་ཡིན་པ་གདོན་མི་ཟ་སྟེ། ཡིན་ན་ཡང་ལས་འགུལ་དེས་ང་ཚོར་གྱོང་གུད་ཆེ་བ་ལས་ཚེ་འདི་ཕྱི་དང་གཉིས་ལ་ཕན་ནུས་ཆེན་པོ་གང་ཡང་ཐོན་གྱི་མེད་པས། ང་ཚོས་ངེས་པར་དུ་ཚེ་སྲོག་ལ་གཅེས་འཛིན་དང་བོད་སྤྱི་པའི་རྩ་དོན་ལ་རྡོག་རྩ་ཆིག་སྒྲིལ་གྱི་ནུས་པ་གོང་འཕེལ་དང་མཐོར་འདེགས་གཏོང་དགོས་པས་དུས་ལ་བབ་འདུག་པ་ལས།  མེར་སྲེག་གི་ལས་འགུལ་འདིའི་ཁ་ཕྱོགས་གཞན་ཞིག་དུ་བསྒྱུར་བར་བྱ་དགོས་ཀྱི་འདུག གལ་སྲིད་ང་ཚོས་ད་དུང་མེར་སྲེག་ལ་བསྟོད་བསྔགས་དང་།  བོད་ལ་ཡོད་པའི་བོད་མི་ཚོ་ལ་ཡག་རབ་བཟང་རབ་བཤད་བསྡད་ན་འབྱུང་འགྱུར་གྱི་བོད་ས་དེ་སུས་སྲུང་ངམ། ལྷག་པར་དུ་གཞོན་སྐྱེས་མང་པོ་ཞིག་རང་ལུས་མེ་རུ་བསྒྲོན་ན་འབྱུང་འགྱུར་གྱི་བོད་པའི་འཐབ་རྩོད་འདི་སུ་ཡིས་རྩོད་དམ། རང་རིགས་ལ་ཤ་ཞེན་ཆེ་བའི་སྤུན་ཟླ་ཚོ་རང་ཡུལ་དང་ཁ་བྲལ་ནས་སོང་ན་ཁ་སང་དེ་རིང་གི་ང་ཚོས་ཤོད་བཞིན་པའི་བོད་ཀྱི་བསྟན་པ་ཆབ་སྲིད་དང་འབྱུང་འགྱུར་གྱི་བོད་ལྗོངས་སྟེ་སུ་ཡིས་བདག་པོ་བྱ། ཕྱི་ལོ་ཉིས་སྟོང་དགུ་ནས་ད་ལྟའི་བར་དུ་མེར་སྲེག་གཏོང་མཁན་དང་ཟས་བཅད་གནང་མཁན་སོགས་རབ་དང་རིམ་པ་མང་པོ་ཞིག་བྱུང་ཡོད་མོད། ཡིན་ཡང་ང་ཚོ་ལ་ཁ་ཡོད་ལག་ཡོད་ཀྱི་འབྲས་བུ་བཟང་པོ་ཞིག་ཐོན་ཡོད་པ་རེད་དམ། ཉེ་བའི་ཆ་ལ་བོད་ནང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ནང་དུ་རྒྱ་མིའི་དཔོན་རིགས་ཚོས་རྫུན་གཏམ་བསྒྲགས་པ་དང་མེར་སྲེག་གི་ལས་འགུལ་དེ་ཕྱི་རྒྱལ་དུ་ཡོད་པའི་ཏཱ་ལའི་རུ་ཁག་གིས་ངན་སྐུལ་བྱས་རབ་སོགས་ཀྱི་རྫུན་གཏམ་དང་འབྲེལ་ཡོད་བོད་ཕྲུག་རེ་ཟུང་འཛིན་བཟུང་བཀག་གཉར་དང་དམ་དྲག་རབ་དང་རིམ་པ་མང་པོ་བྱས་ཡོད་པས། ང་ཚོ་ཕྱི་སྡོད་བོད་མི་ཚོའི་ངོས་ནས་རང་ནུས་གང་ཡོད་ཀྱི་བརྩེ་བའི་སྤུན་ཟླ་ཚོའི་ཚེ་སྲོག་ལ་རིན་ཐང་དང་མེར་སྲེག་གཏོང་མ་དགོས་པའི་ཐབས་ཤེས་ཤིག་འཚོལ་དགོས་ཀྱི་འདུག

ད་ལྟའི་གནས་སྟངས་ལ་བལྟས་ཡོང་ན་ང་ཚོས་མཆོད་འབུལ་སྨོན་ལམ་ཙམ་གྱི་འདས་ཟིན་པའི་སྤུན་གྲོགས་ཚོའི་ཚེ་སྲོག་ལ་བརྩི་འཇོག་བྱས་ཚར་བས་སྣང་བ་ཞིག་ངེད་ཅག་གི་གཡས་གཡོན་གྱི་བོད་མི་ཚོ་དང་གྲོགས་པོ་ཚོའི་སྣང་ངོ་ལས་ཧ་གོ་ཐུབ་ཀྱི་འདུག་སྙམ།  སྐབས་རེར་ཁོ་བོའི་གྲོགས་པོ་ཚོ་ལ་དེ་རིང་ཡང་བོད་ནང་དུ་མེར་སྲེག་བཏང་འདུག ཅེས་གོ་ཡོང་དུས་རེ་ཟུང་ཞིག་མགོ་ན་བའི་ཚུལ་གྱིས་སྐད་ཆ་དེ་ལ་སྣང་བ་ཡེ་ནས་མེད་པ་ལྟ་བུར་མཐོང་། གནས་བབ་འདི་དག་ལ་བལྟས་ཡོང་ན་ད་ལྟ་ལས་འགུལ་འདིར་ལ་འཛམ་གླིང་སྒང་དང་ལྷག་པར་དུ་རང་རེའི་བཙན་བྱོལ་ཁྲོད་ན་རིན་ཐང་གང་ཡང་མི་འདུག ཐ་ན་གསར་འགྱུར་གསར་པ་ཞིག་ཏུའང་ཆགས་ཀྱི་མེད་པའི་བཟོ་ལྟ་བུ་ཞིག་ཏུ་སྣང་གི་འདུག ངོ་མ་ཁྱེད་ཅག་གི་སྐུ་ལུས་མེ་ལ་བསྲེགས་པ་དེ་བཙན་བྱོལ་བའི་ཁྲོད་ན་དེ་ལྟ་བུའི་གདེང་འཇོག་མེད་པའི་མཚམས་འཇོག་གནང་བར་མཁྱེན་མཁྱེན་ཞུ། ཁོ་བོའི་སྐད་ཆ་འདི་འདྲ་ཞིག་བཤད་ན་མ་གཞི་ཤུལ་དུ་ལུས་པའི་ནང་མི་སྤུན་ཟླ་ཚོ་ཐུགས་ཕམ་བྱུང་ན་ཡང་ཁོ་བོའི་མྱོང་ཚོར་དངོས་རང་བཤད་པ་ལས་སྐྱག་རྫུན་དང་ཧམ་བཤད་ཞིག་རྩ་བ་ནས་བཤད་མེད། ཤུལ་དུ་ལྷག་པའི་བོད་རིགས་སྤུན་ཟླ་ཚོའི་ཚེ་སྲོག་ལ་བརྩི་བཀུར་དང་དོན་དངོས་ལ་ཡིད་ཆེས་ཀྱི་སྒོ་ནས་རང་ས་བརྟན་པོ་སྲུང་དགོས་པ་ནི་ཤིན་ཏུ་གལ་ཆེ་ཞིག་ཏུ་མཐོང་།

ས་རཱ་མཐོ་སློབ། རྡོ་སྦིས་ལྷ་ལུང་། ༢༠༡༢ལོའི་ཟླ་༡༢ཚེས༡༡ཉིན་བྲིས།

 

Share this:
༩༨ ཀློག་གྲངས།