ཁམས་དཀར་མཛེས་ཀྱི་བཙུན་མ་ཞིག་ལ་ལོ་༣ གྱི་ཁྲིམས་ཆད།

ཁམས་དཀར་མཛེས་ལམ་བྲག་དགོན་པའི་བཙུན་མ་སྨན་པ་འཆི་མེད་ཟེར་བར་རྒྱ་གཞུང་གིས། ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག་གསང་བའི་ཐོག་ནས་ལོ་གསུམ་གྱི་ཁྲིམས་ཐག་བཅད་དེ་བཙོན་འཇུག་བྱས་ཡོད་པ་རེད་འདུག

དེ་ཡང་ཕྱི་ལོ་༢༠༡༠ ལོ་ནས་ཁམས་དཀར་མཛེས་ཁུལ་གྱི་ས་གནས་མང་ཚོགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་བྱེད་སྐབས། ལས་འགུལ་ནང་མཉམ་ཞུགས་བྱེད་མིན་ལ་མ་ལྟོས་པར་རྒྱ་གཞུང་གིས་ས་གནས་བོད་མི་མང་པོ་ཞིག་གང་བྱུང་གིས་འཛིན་བཟུང་བྱས་ཏེ། ལོ་མང་པོའི་ཁྲིམས་ཐག་གཅོད་པ་དང་། ཉེས་ཆད་འདྲ་མིན་གཏོང་བ་སོགས་ཀྱི་གནས་ཚུལ་བར་མ་ཆད་དུ་བྱུང་ཡོད་པ་ལྟར། ཕྱི་ལོ་༢༠༡༡ ལོའི་ཕྱི་ཟླ་༦ པའི་ནང་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་ཁམས་དཀར་མཛེས་ལམ་བྲག་དགོན་པའི་བཙུན་མ་སྨན་པ་འཆི་མེད་ཀྱང་།

ལོ་གཅིག་ལྷག་གི་རིང་གར་སོང་ཆ་མེད་དུ་གྱུར་ཏེ་ནང་མི་དང་ཉེ་འབྲེལ་སུས་ཀྱང་ཁོང་གི་གནས་སྟངས་ཤེས་མེད་ན་ཡང་། ཉེ་ཆར་རྒྱ་གཞུང་གིས་གསང་བའི་ཐོག་ནས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཚུལ། འབྲེལ་ཡོད་ལས་བྱེད་ཅིག་བརྒྱུད་ནས་ནང་མི་ཚོར་བརྡ་སྤྲད་ཡོད་འདུག་ཀྱང་། ཁོང་ས་གནས་གང་ཞིག་ཏུ་བཙོན་འཇུག་བྱས་ཡོད་མེད་དང་། རྒྱུ་མཚན་ཅི་ཞིག་གིས་ཁྲིམས་ཐག་བཅད་ཡོད་མེད་སོགས་ཀྱི་གནས་སྟངས་སུས་ཀྱང་ཤེས་ཀྱི་མེད་པ་རེད།

བཙུན་མ་སྨན་པ་འཆི་མེད་ནི་ས་གནས་མང་ཚོགས་ལ་ཕན་ཐོགས་ཆེ་བའི་སྨན་པ་ཞིག་ཡིན་པ་རེད་འདུག

Share this:
༩༡ ཀློག་གྲངས།