བརྩེ་བྲལ།།

ཁ་བ་ནག་པོའི་བུ་ཡུག
སྒེའུ་ཁང་བརྒྱུད་ནས་བརྡོལ་བྱུང་།
ཉི་མ་དམར་པོའི་ཚེ་སྲོག
རི་མགོའི་གྲིབ་མས་གཏུབ་བྱུང་།།

གོས་ཡུག་དམར་པོས་བཏུམ་པའི།
ཤ་སེམས་རྡོ་ལས་འཁྱག་རེད།
ཙནྡན་ཕྲེང་བ་དཀྲིས་པའི།
སོར་མོ་ཟངས་ལས་གྲུབ་པ།།

སྤྲིན་པ་ནག་པོས་ཁུར་བའི།
དུག་རླུང་ཞེ་རྒོད་འཚུབ་པ།
བཟེ་རེའི་འདོད་རྔམས་ནག་པོས།
བསམ་པ་གློག་ལས་མྱུར་བ།།

རི་སྤྱང་ལ་ཁའི་སོ་བས།
བརྩེ་སེམས་ལུག་ཁྱུ་འཚོ་བ།
གཤེད་མ་ལུས་ལ་གཟན་པས།
ལག་གཉིས་ཐལ་སྦྱར་ཕྱག་རྒྱ།།

སོ་ལས་ཁྲག་ཞག་འཐུལ་བ།
བརྩེ་བ་སེམས་ནས་ངོམས་འདྲ།
ཁ་ནས་མཆིལ་ཞག་འདེབས་པ།
སྐྱབས་སྦྱིན་དྲིན་གྱིས་སྐྱོང་འདྲ།།

བཙོན་ཁང་མིག་གིས་བྲིས་པ།
ལྕགས་སྒྲོག་ཚེར་མ་ངོམས་བྱུང་།
མཚོན་ཆ་སེམས་ལ་གཟེངས་པ།
གོས་ཀྱི་རྒྱལ་མཚན་འདར་བྱུང་།།

བརྩེ་བའི་ལ་མོ་བརྒྱབ་པས།
རྩེད་མོ་འཇའ་ལ་ཐིམ་སོང་།
རྩོད་པ་སེམས་ལ་བཀལ་བས།
གཙང་པོའི་ཆུ་དང་འདྲེས་བྱུང་།།

རྡོ་ལ་མཆོད་པ་མི་འབུལ།
བྲག་ལ་རི་མོ་མི་འབྲི།
ཡ་ཆུང་སེམས་པའི་དཀྱིལ་ལ།
ཡིད་ཀྱིས་སྨོན་ལམ་བཏབ་ཆོག

དགའ་སྡུག་བཞིན་ལ་མི་སྲུང་།
ཞི་དྲག་གཏམ་ལ་མི་ཉན།
རང་སེམས་ཡིད་བཞིན་ནོར་བུ།
རང་ལ་དབང་འདི་བསྲུང་ཡོད།།

དེ་རིང་ཉི་མ་ནུབ་ཀྱང་།
སང་ཉིན་ཞོགས་པ་ཤར་ཡང་།
དོ་དགོང་མུན་ཁུང་ནག་པོ།
གློག་སྒྲོན་མར་མེས་གསལ་ཆོག
༡༢/༡༥/༡༢ ཉིན་བྲིས།

Share this:
༡༡༥ ཀློག་གྲངས།