རང་སྲེག་གི་གནས་ཚུལ་རྩིས་སྤྲོད་བྱེད་མཁན་ལ་བྱ་དགའ།

ཉེ་ཆར་རྨ་ལྷོ་ཁུལ་སྤྱི་བདེ་ཉེན་རྟོག་ཚན་པས་ཁུལ་དེའི་བོད་མིའི་རང་ལུས་མེར་སྲེག་གཏོང་མཁན་ཚོའི་མཚང་བརྟོལ་དང་། གནད་དོན་དེ་དང་འབྲེལ་བའི་གནས་ཚུལ་རྩིས་སྤྲོད་བྱས་ཚེ་རྒྱ་སྒོར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད་འདུག

ལོ་འདིར་བོད་མདོ་སྨད་རྨ་ལྷོ་རེབ་གོང་དུ་རང་ལུས་མེར་སྲེག་གི་གནས་ཚུལ་བསྟུད་མར་བྱུང་ཡོད་པ་ལྟར། ཟླ་སྔོན་མའི་ཕྱི་ཚེས་༢༠ ཉིན་རྨ་ལྷོ་ཁུལ་སྤྱི་བདེ་ཉེན་རྟོག་ལས་ཁུངས་ཀྱིས། ཁུལ་དེར་རང་སྲེག་དོན་རྐྱེན་མང་པོ་བསྟུད་མུར་བྱུང་ཡོད་པ་དང་། ཚེ་སྲོག་ལ་སྲུང་སྐྱོབ་དང་ཁྲིམས་འགལ་ནག་ཉེས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བ། དོན་རྐྱེན་དེ་འདྲ་ཡང་བསྐྱར་མི་འབྱུང་བའི་ཆེད་གྲོས་ཞིབ་བརྒྱུད་བྱ་དགའ་སྟེར་ཐབས་ཀྱི་གཏན་འབབ་དོན་ཚན་བདུན་ཟེར་བ་ཞིག་བསྒྲགས་ཡོད་འདུག་ལ། དོན་ཚན་བདུན་ཅན་གྱི་བརྡ་ཁྱབ་དེའི་ནང་།

གཅིག རང་སྲེག་རྒྱག་རྩིས་ཡོད་མཁན་མཚང་བརྟོལ་དང་ཉེས་འདོིན་བྱེད་མཁན་ལ་བྱ་དགའ་དམངས་སྒོར་ཁྲི་ལྔ་སྟེར་རྒྱུ་ཡིན། གཉིས། མི་གཞན་ལ་སྐུལ་སློང་བྱས་ནས་རང་སྲེག་རྒྱག་ཏུ་འཇུག་པའི་ལྐོག་ཇུས་མཁན་མཚང་བརྟོལ་དང་ཉེས་འདོན་བྱེད་མཁན་ལ་བྱ་དགའ་དམངས་སྒོར་ཁྲི་བཅུ་སྟེར་རྒྱུ་ཡིན། གསུམ། གནས་ཡུལ་དངོས་ནས་རང་སྲེག་རྒྱག་མཁན་མཐོང་ཚེ། དུས་ཐོག་ཏུ་བཀག་འགོག་བྱས་ཏེ། རང་སྲེག་རྒྱག་ཏུ་མི་འཇུག་མཁན་ལ་བྱ་དགའ་དམངས་སྒོར་ཁྲི་ཉི་ཤུ་སྟེར་རྒྱུ་ཡིན།

བཞི། རང་སྲེག་རྒྱག་སའི་གནས་ཡུལ་དངོས་ནས་རང་རྟོགས་ཀྱིས་མྱུར་དུ་མེ་བསད་དེ་སྲོག་སྐྱོབ་མཁན་གྱི་སྤྱི་དམངས་ལ་བྱ་དགའ་དམངས་སྒོར་སྟོང་གཅིག་སྟེར་རྒྱུ་ཡིན། ལྔ། རང་སྲེག་རྒྱག་མཁན་གྱི་ཁྱིམ་མི་ལ་ཞལ་འདེབས་འབུལ་བར་རྩ་འཛུགས་བྱེད་མཁན་མཚང་བརྟོལ་དང་ཉེས་འདོན་བྱེད་མཁན་ལ་བྱ་དགའ་དམངས་སྒོར་སྟོང་གཅིག་སྟེར་རྒྱུ་ཡིན།

དྲུག སྤྱི་བདེ་ལས་ཁུངས་ཀྱིས་ཉེས་འདོན་བྱེད་མཁན་གསང་བ་དམ་སྲུང་བྱེད་རྒྱུ་དང་ཉེས་འདོན་གྱི་གནས་ཚུལ་དེ་སྤྱི་བདེ་ལས་ཁུངས་ཀྱིས་བདེན་པ་ཡིན་མིན་ཞིབ་དཔྱད་བྱས་རྗེས། དམིགས་བསལ་གྱི་ཐབས་ལམ་སྤྱད་ནས་བྱ་དགའ་སྒོར་མོ་སྟེར་རྒྱུ་ཡིན།

བདུན། བརྡ་ཁྱབ་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་མ་ཟད། བརྡ་ཁྱབ་ཀྱི་མཇུག་ཏུ་རེབ་གོང་རྫོིང་དང་གཅན་ཚ། རྩེ་ཁོག རྨ་ལྷོ་སོག་རྫོང་བཅས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཁ་པར་ཨང་གྲངས་དང་བཅས་བསྒྲགས་འདུག

Share this:
༡༠༨ ཀློག་གྲངས།