༄། མེ་ལ་དགའ་བའི་མི་རིགས།།

གཏོར་མ་མེ་ལ་བསྲེགས་ན།
བགེགས་དང་བར་ཆད་བཟློག་ཟེར།
མར་མེ་མེ་ལ་བསྲེགས་ན།
མ་རིག་མུན་པ་སེལ་ཟེར།
གཟུགས་བྱང་མེ་ལ་བསྲེགས་ན།
སྒྲིབ་གཉིས་བག་ཆགས་འདག་ཟེར།
ཤུག་པ་མེ་ལ་བསྲེགས་ན།
གྲིབ་དང་མི་གཙང་བསང་ཟེར།
རླུང་རྟ་མེ་ལ་བསྲེགས་ན།
ཁ་ལས་རླུང་རྟ་དར་ཟེར།
འབྲས་སྣ་མེ་ལ་བསྲེགས་ན།
སྦྱིན་གཏོང་ཚོགས་ཆེན་རྫོགས་ཟེར།
བོད་མི་མེ་ལ་བསྲེགས་ན།
བོད་མིའི་བདེན་མཐའ་གསལ་ཟེར།
སྔོན་ནས་ད་ལྟའི་བར་དུ།
མེ་ལ་ཡིད་ཆེས་བྱས་ནས།
ཕྱུག་པོའི་གསེར་དངུལ་གོང་ཆེན།
དབུལ་བོའི་ཁ་ཟས་ཚུན་ཆད།
དམར་པོའི་མེ་ལ་བསྲེགས་ནས།
གནམ་གྱི་དུ་བར་བསྒུག་འདུག
དུ་བ་སྔོན་མོའི་གནམ་ལ།
གནས་ཚང་གཡར་ནས་བཞུགས་འདུག
བོད་པའི་ཆོས་པ་མན་ཆོད།
བོད་མི་རྩམ་ཟན་ཚུན་ཆད།
བོད་མི་རེ་རེས་རེ་བ།
བོད་མིའི་གནམ་ལ་བཏགས་འདུག

Share this:
༡༤༥ ཀློག་གྲངས།