རང་རིགས་སྤུན་ཟླ་གྲོངས་ཚེ་མིག་ཆུ་གཏོང་དབང་མི་འདུག

ནམ་མཁའ།

ཁ་སང་དེ་རིང་རེབ་གོང་དང་ཀན་ལྷོའི་ཕྱོགས་ཀྱི་ས་གནས་སྲིད་གཞུང་གིས་བསྒྲགས་གཏམ་ཞིག་སྤེལ་བ།ཕྱི་ནང་གཉིས་ཀྱི་བོད་མི་ཚོས་མཐོང་ཡོད་སྲིད། ས་ཁུལ་དེ་ཚོའི་མི་དམངས་རྣམས་ཀྱི་མགོ་ཐོག་ཏུ་རིག་གནས་གསར་བརྗེ་གཉིས་པ་ཞིག་སླེབས་ཡོད།

གནས་ལུགས་བཤད་ས་མེད་པའི་རྒྱ་ནག་གི་དམར་ཕྱོགས་ཚོགས་པ་ཚོས། བོད་ནང་གི་རང་ལུས་མེ་སྲེག་གི་དོན་རྐྱེན་འབྱུང་ཁུངས་ཏྰ་ལའི་རུ་ཚོགས་ཀྱིས་ངན་སྐུལ་ལ་ཁ་གཡར་སྟེ། ས་ཁུལ་དེ་དག་དང་དེ་མིན་ས་ཁུལ་གཞན་དག་ཏུ་ཡང་ཞི་མིས་ཙི་ཙི་འཛིན་པ་བཞིན་རེ་རེ་བཞིན་ཁྲིད་བཞིན་ཡོད་ལ། དེ་དག་གི་སྟེང་དུ་མ་ཉེས་ཁ་གཡོག་གིས་མི་གསོད་ཀྱི་ལག་དམར་གྱི་ཉེས་པ་ཡང་འཛུགས་བཞིན་རྒྱ་ནག་དམར་ཕྱོགས་ཚོགས་པས་རྒྱལ་སྤྱིའི་སྟེང་གསར་ལམ་བརྒྱུད་ནས་བཤད་ཡོད།

བཙན་བྱོལ་བོད་མིར་ནག་ཉེས་བཀལ་བ་ཚིག་སྐམ་པོ་ཙམ་ལས། ལུས་སེམས་ཀྱི་མནར་གཅོད་མྱོང་མི་དགོས། ཐབས་སྐྱོ་བ་ཞིག་ལ་སྡུག་བསྔལ་མནར་གཅོད་མྱོང་མཁན་དེ་གཞིས་ལུས་བོད་རིགས་སྤུན་ཟླ་ཡིན་ལ། དེ་དག་སྡུག་བསྔལ་དེ་ལས་སྐྱོབ་ཐུབ་མཁན་སུ་ཞིག་ཡོད་དམ། ང་ཚོ་བོད་མི་རིགས་ཀྱི་སྲོལ་རྒྱུན་ཞིག་ལ། རང་གི་གྲོང་སྡེ་དང་ས་ཁུལ་གཞན་གྱི་ངོ་ཤེས་སོགས་ཀྱི་མི་ཞིག་འདས་གྲོངས་སུ་ཕྱིན་ཚེ། དེའི་ཁྱིམ་ཚང་ལ་ཕྱིན་ཏེ་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད་པ། ང་ཚོའི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཞིག་རེད། ཡིན་ཡང་ཁ་སང་དེ་རིང་རེབ་གོང་སོགས་སུ་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོའི་ཁྱིམ་ཚང་ལ་མྱ་ངན་བྱེད་དུ་ཕྱིན་པ་དང་དེར་གདུང་སེམས་མཉམ་བསྐྱེད་བྱས་ན། གཞིས་ལུས་སྤུན་ཟླ་ཚོའི་མགོ་ཐོག་ཏུ་ལག་དམར་གྱི་ནག་ཉེས་འགེལ་བ་འདི་ནི་ཅི་འདྲའི་ཡ་ང་བའི་བྱ་སྤྱོད་མ་རེད་དམ། འདི་འདྲའི་མི་དཀར་ནག་གི་དབྱེ་འབྱེད་མེད་པར་ཆ་ཚང་གི་སྟེང་ནག་ཉེས་བཀལ་ན་ཡང་ཕྲན་ལྟ་བུ་ཕྱི་སྡོད་བོད་མི་ཚོར་ཅི་ཞིག་གི་ནུས་པ་ཡོད་དམ། ཐ་ན་བཙན་བྱོལ་བོད་མིའི་ཆབ་སྲིད་ལས་སྣེ་པ་ཚོས་དེའི་ཕྱོགས་སུ་རྣོ་ངར་ལྡན་པའི་ལན་འདེབས་ཙམ་ཡང་བྱེད་ཐུབ་ཀྱི་མེད།

ཉེ་ཆར་རྒྱ་ནག་གི་གྲོང་ཁྱེར་ཧྥུ་ཅན་གྱི་སྲིད་གཞུང་སྒོ་འགྲམ་དུ། རྒྱ་མི་གཉིས་ཀྱིས་རང་ལུས་མེར་སྲེག་བྱས་བ་དེའི་ནག་ཉེས་སུ་ཞིག་གི་སྟེང་འཇོག་རྒྱུ་ཡིན་ནམ། རྒྱ་མི་དེ་གཉིས་རང་སྲོག་མེ་རུ་སྒྲོན་པ་དེ་བཙན་བྱོལ་བོད་མི་ཚོར་འབྲེལ་མེད་ཞིག་ཡིན་པ་སུ་ལའང་དོགས་པའི་གནས་ཞིག་མེད་མོད། རྒྱ་ནག་གི་སྲིད་འཛིན་གསར་པ་ཞིན་ཅེན་ཕེན་ལ་ཡང་ནག་ཉེས་དེ་ཡོད་མི་སྲིད། དེའི་ནག་ཉེས་ནི་ས་གནས་སྲིད་གཞུང་གི་འགོ་ཁྲིད་ཚོར་ཡོད་པ་ལས་མི་སུ་ཞིག་ལ་ཡང་ཁ་གཡར་ས་མེད།

དེ་བཞིན་བོད་ཀྱི་མདོ་སྟོད་སྨད་ཀྱི་ས་གནས་མང་པོ་ཞིག་ནས་རང་ལུས་མེར་སྲེག་བྱས་པ་ཡང་། དེ་གའི་ས་གནས་སྲིད་གཞུང་གི་གཡོ་སྒྱུ་ཁྲམ་གསུམ་འཛོམ་པའི་དབང་འཛིན་པ་དང་། རྒྱ་ནག་སྲིད་གཞུང་གིས་གྲངས་ཉུང་མི་རིགས་དང་ཧན་མི་རིགས་བར་ལ་དྲང་བདེན་མ་ཡིན་པའི་སྲིད་ཇུས་ལག་བསྟར་བྱས་བའི་འབྲས་བུ་ལས་བྱུང་བའི་མེ་ལྕེ་ཞིག་ཡིན།

དཔེར་ན་བོད་ཆོལ་ཁ་གསུམ་གྱི་བོད་མི་ཞིག་གིས་ཕྱི་བསྐྱོད་ལག་ཁྱེར་ཙམ་ལེན་པའི་ཐོབ་ཐང་ཡང་མེད། གལ་སྲིད་དེ་ལེན་དགོས་ཚེ་དངོས་ཤུགས་གང་རུང་གིས་དཔལ་འབྱོར་གྱི་འགྲོ་སོང་བཏང་སྟེ་ལེན་དགོས་ཀྱི་ཡོད། རྒྱ་མི་རིགས་ལ་མཚོན་ན་ཕྱི་བསྐྱོད་ལག་ཁྱེར་ནི་ཁོང་ཚོའི་ཐོབ་ཐང་ཡིན་པས། སྦྲགས་ཁང་བརྒྱུད་ནས་ཡི་གེ་བཏང་བ་ཙམ་གྱིས་ལག་ཁྱེར་དེ་སྐུར་ཡོང་གི་ཡོད།

དེ་བཞིན་དུ་རྒྱ་མི་རིགས་ཞིག་གིས་༧གོང་ས༧་མཆོག་གིས་སྐུ་པར་བཤམས་སྒྲིག་དང་ལག་ཁྱེར་ཁ་པར་སོགས་སུ་བཞག་ཀྱང་ཆབ་སྲིད་ཀྱི་ནག་ཉེས་མེད། གལ་ཏེ་བོད་མི་རིགས་ཞིག་གིས་༧གོང་ས་༧མཆོག་གིས་སྐུ་པར་ཁ་པར་ནང་འཇོག་རྒྱུ་ཕར་བཞག་ཐ་ན་མཆོད་བཤམས་ནང་བཞག་ཚེ་ཡང་ཆབ་སྲིད་ཀྱི་ནག་ཉེས་སུ་བརྩི་བཞིན་ཡོད། འདི་ནི་སེམས་ཀྱི་དད་པ་བྱེད་སའི་རྟེན་ཞིག་ཡིན་པ་ལས། ཆབ་སྲིད་ནག་ཉེས་སུ་བསྒྲེངས་ན་ག་ལ་འགྲིག

ད་རུང་འཛམ་གླིང་སྟེང་རྒྱ་གཞུང་ལ་ཆོས་ལུགས་དད་མོས་རང་དབང་ཡོད་ཚད་མ་ཎི་བཞིན་བགྲངས་བཞིན་ཡོད། རྒྱ་གཞུང་གི་ཆོས་ལུགས་དད་མོས་རང་དབང་ནི་ཚད་བཀག་ཅན་ཞིག་པ་ལས། རང་གི་འདོད་མོས་ཡོད་པའི་ཆོས་ལུགས་དང་བླ་མ་ལ་དད་པ་བྱེད་མི་ཆོག་པ་ཞིག་རེད། སྟབས་ལེགས་པ་ཞིག་ལ་དད་པ་ནི་སེམས་ཁོང་གི་ཚོར་བ་ཞིག་ཡིན་པས་སུས་ཀྱང་འགོག་མི་ཐུབ་པ་ཞིག་ཡིན་པས་རྒྱ་གཞུང་གིས་ལོ་ངོ་༥༠ ལྷག་རིང་མེ་མདས་བཀག་ཀྱང་འགོག་ཐུབ་མེད།།

༢༢/༡༢/༢༠༡༢ལ

Share this:
༨༧ ཀློག་གྲངས།