བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་བསྐྱེད་ཀྱི་བགྲོ་གླེང་།

new_ge_2012_12_23ཟླ་འདིའི་ཚེས་༢༣ ཉིན་རྒྱབ་ཆུ་ཚོད་དང་པོ་ནས་བདུན་པའི་བར་དུ་སིད་སི་འཛུ་རིག་གྲོང་ཁྱེར་དུ་བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་བསྐྱེད་ཅེས་པའི་བགྲོ་གླེང་ཐེངས་དགུ་པ་དེ་འཚོགས་ཡོད་པ་རེད།

ས་གནས་ནས་ཀླུ་རྒྱལ་དོན་གྲུབ་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། བགྲོ་གླེང་འདི་ནི་ཉིས་སྟོང་བཅུ་གཉིས་ལོའི་བགྲོ་གླེང་མཇུག་སྡོམ་དུ་འཚོགས་སོང་ལ། ཚོགས་འདུ་འདིའི་ཐོག་ཏུ་ཡོ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་དང་། སུད་སིའི་བོད་ཀྱི་དོན་གཅོད་ཚེ་བརྟན་བསམ་གྲུབ། དེ་བཞིན་སུད་སིའི་ཆོལ་ཁ་གསུམ་གྱི་ཚོགས་གཙོ་རྣམས་པ་དང་། མི་མང་ཚོགས་པའི་ས་གནས་མཐུས་མི་ཁག་ཅིག་དང་སུད་སིའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ། བོད་ཀྱི་མི་རབས་གསར་པའི་ཚོགས་གཙོ་བཅས་གཙོས་བོད་དོན་ཐད་དོ་སྣང་དང་ཕྱག་ལས་གནང་མྱོང་མཁན་སོགས་ཁྱོན་བསྡོམས་མི་གྲངས་༦༤ ལྷག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེའི་ཐུགས་ཕམ་བྱུང་བའི་སྐོར་ལ་རང་ཉིད་ཀྱི་བསམ་ཚུལ་དང་། མ་འོངས་པར་ཡིད་སྐྱོ་བའི་གནས་ཚུལ་འདིའི་རིགས་མི་འབྱུང་བའི་ཐད་ལ་རང་ངོས་ནས་སྤྱི་ཚོགས་སུ་འགན་ཅི་ཞིག་ལེན་དགོས་མིན་སོགས་མི་མང་གི་བསམ་ཚུལ་བརྗེ་རེས་བྱས་སོང་།

new_ge1_2012_12_23ཡོ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་གྱིས་ཡོ་རོབ་བོད་ཀྱི་གནས་སྟངས་དང་ལས་འགུལ་གྱི་ནུས་པ་མཐོར་འདེགས་ཅི་ལྟར་བྱེད་དགོས་པའི་ཐད་ལ། མི་མང་གིས་དྲི་བར་ལན་འདེབས་གནང་སོང་། ཁོང་གི་གསུངས་དོན་ང་ཚོས་བོད་མི་རྣམས་ནས་སྐད་འབོད་བྱེད་རྒྱུ་གཅིག་པུར་དོ་སྣང་སྤྲོད་རྒྱུ་མ་ཡིན་པར། ལས་འགུལ་གྱི་ངོ་བོ་གོང་འཐོར་དང་། མི་མང་གིས་རང་ཉིད་ཀྱི་འགན་ཞིག་བླངས་ཏེ་ལས་འགུལ་གང་དེའི་ཆ་ཤས་བླངས་ཏེ་བོད་མིའི་ནང་ཁུལ་གྱི་མཐུན་ལམ་དང་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པའི་བསམ་ཚུལ་གསུངས་སོང་། ལྷག་པར་དུ་དཔལ་འབྱོར་འཚོལ་སྒྲུབ་ཀྱིས་སུད་སིའི་ཉིན་རེ་ཚགས་པར་སོགས་ནས་ཤོག་ངོས་གཅིག་ལྟ་བུ་ཉོས་ཏེ་བོད་ནང་གི་མེར་སྲེག་གི་ལས་འགུལ་དང་འབྲེལ་བའི་བོད་དོན་ཐད་ས་གནས་མི་མང་ལ་གོ་རྟོགས་སྤེལ་རྒྱུ་དང་། གཞན་མང་གཙོའི་སྤྱི་ཚོགས་ཞིག་སྐྲུན་པར་བགྲོ་གླེང་འདྲ་མིན་གྱིས་མི་མང་གི་གོ་རྟོགས་སྤེལ་རྒྱུ་གལ་ཆེན་ཡིན་པའི་སྐོར་སོགས་བསམ་ཚུལ་གསུངས་སོང་།

མཐར་བགྲོ་གླེང་ལ་མཉམ་ཞུགས་བྱེད་མཁན་གྱི་ཚོགས་པ་ཁག་དང་འབྲེལ་ཡོད་མི་སྣ་ཁག  དེ་བཞིན་མི་མང་གི་ངོས་ནས་བགྲོ་གླེང་འདིས་སུད་སིའི་གནས་སྡོད་བོད་མིའི་བསམ་བློ་མཐོར་འདེགས་ཀྱི་ནུས་པ་ཤུགས་ཆེན་འདོན་བཞིན་པའི་ཡིད་ཆེས་བྱེད་ཀྱི་་འདུག་ལ། གོ་སྒྲིག་པ་ཚོའི་ངོས་ནས་ལས་དོན་འདིར་རྒྱུན་འཁྱོངས་བྱེད་པར་རྒྱབ་སྐྱོར་དང་འབོད་སྐུལ་ཤུགས་ཆེན་ཞུས་སོང་།

Share this:
༡༡༣ ཀློག་གྲངས།