སྲིད་སྐྱོང་གིས་སྐུ་ཞབས་ཇོན་ཀེ་རིར་འཚམས་འདྲི་ཞུས་པ།

བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོན་ཀེ་རི་ (Senator John Kerry) ཨ་རིའི་ཕྱི་སྲིད་དྲུང་ཆེར་འདེམས་ཐོན་གནང་བར་སྲིད་སྐྱོང་བློ་བཟང་སེང་གེས་འཚམས་འདྲི་དང་སྦྲགས་མུ་མཐུད་བོད་དོན་རྒྱབ་སྐྱོར་དགོས་པའི་རེ་སྐུལ་ཞུས་ཡོད་པ་རེད།

དེ་ཡང་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རཀ་ཨོ་བྷ་མས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོན་ཀེ་རི་ཨ་རིིའི་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་གནང་བར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་དགའ་བསུའི་འཚམས་འདྲིའི་འཕྲིན་ཡིག་ཅིག་ཞིག་ཕུལ་བའི་ནང་འཁོད་དོན། སྐུ་ཞབས་ཇོན་ཀེ་རི་མཆོག་ནི་ཡུན་རིང་ནས་བོད་ཀྱི་གྲོགས་པོ་ཞིག་ཡིན་པ་དང། ཁོང་གིས་ཨ་རིའི་ཕྱི་སྲིད་ལས་དོན་ཐོག་བྱས་རྗེས་ཆེན་པོ་བཞག་ཡོད་པ་མ་ཟད། བོད་ཀྱི་གནད་དོན་ཐོག་རྒྱུས་མངའ་གཏིང་ཟབ་ཡོད་མཁན་ཞིག་ཀྱང་ཡིན། ངས་སྐུ་ཞབས་ཀེ་རི་མཆོག་ལ་མགྱོགས་མྱུར་ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པའི་ལས་འགན་བཀོད་མངགས་ཐོག ཁོང་གི་ལས་དོན་རྣམས་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་སྦྲགས། ཁོང་གིས་དེ་སྔ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་སྐུ་ཧི་ལེ་རི་ཁི་ལིན་ཊོན་མཆོག་གི་ལས་འཕྲོས་མཇུག་སྐྱོང་གིས། བོད་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་དག་ཨ་རིའི་གཞུང་གིས། ཨེ་ཤི་ཡའི་གླིང་ཆེན་ནང་ཆབ་སྲིད་ཀྱི་ལངས་ཕྱོགས་གལ་ཆེ་ཞིག་ལ་ངོས་འཛིན་གནང་སྟེ་ཕྱག་ལས་གནང་རྒྱུ་མ་ཟད། ཨ་རིའི་གཞུང་གིས་བོད་མིའི་ཆབ་སྲིད་ལངས་ཕྱོགས་གཏན་འབེབས་གནང་བ་ (Tibetan Policy Act) དེ་གཞི་རྩར་བཟུང་སྟེ་ལངས་ཕྱོགས་དེའི་ནང་འཁོད་ཆ་རྐྱེན་དེ་དག་ཆ་ཚང་དོན་འཁྱོལ་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད་ཅེས་འཁོད་ཡོད་པ་རེད།

ཤེས་གསལ་ལྟར་ན་སྐུ་ཞབས་ཀེ་རིས་ཨ་རིའི་གཞུང་གི་ལས་དོན་ཐོག་ལོ་ངོ་༢༨ རིང་ཕྱག་ལས་གནང་མྱོང་ཡོད་པ་དང། ཕྱི་ལོ་༢༠༠༩ ནས་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གནང་མྱོང་ཡོད་འདུག ཁོང་རང་ཉིད་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཐོག་མཁས་དབང་ཞིག་ཡིན་པ་མ་ཟད། རྒྱལ་ནང་དང་རྒྱལ་སྤྱིའི་ནང་གུས་འདུད་ཆེན་པོ་ཞུ་ཡུལ་ཞིག་ཀྱང་ཡིན་འདུག གཞན་ཡང་བོད་དོན་ཐོག་ཆ་བཞག་ན་ཡང་ཁོང་གིས་ཕྱི་ལོ་༢༠༡༢ ལོ་གཅིག་པུའི་ནང་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གནང་མུས་ཐོག བོད་དོན་ལ་རྒྱབ་སྐྱོར་གྱི་གྲོས་ཆོས་གཉིས་འཇོག་རྒྱུར་རྒྱབ་སྐྱོར་ཧ་ཅང་ཆེན་པོ་གནང་ཡོད། གྲོས་ཆོས་དེ་གཉིས་ཀྱི་ཁོངས་ནས་གཅིག་ཕྱི་ཟླ་༣ ནང་བཞག་ཡོད་པ་དེའི་ནང་། བོད་མི་ཚོར་རྒྱབ་སྐྱོར་ཡོད་པ་གསལ་སྟོན་ཐོག རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་དམ་དྲག་ཅན་གྱི་སྲིད་བྱུས་མཚམས་འཇོག་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད་པ་རེད།

གཞན་ཡང་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༥ ཚེས་༩ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བཞིས་སྐབས་དེའི་ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོར་ཇི་བྷུ་ཤིར་ (President George Bush) བོད་ཀྱི་གནད་དོན་སེལ་ཆེད་དོན་སྙིང་ལྡན་པའི་ལངས་ཕྱོགས་འཛིན་དགོས་པ་དང། པེ་ཅིང་ཨོ་ལེམ་པིཀ་རྩེད་འགྲན་ཆེན་མོའི་སྐབས་སྲིད་འཛིན་མཆོག་བོད་དུ་ཕེབས་རྒྱུ། དེ་བཞིན་ལྷ་སར་ཨ་རིའི་གཞུང་ཚབ་འཛུགས་དགོས་པ་མ་ཟད། བོད་ཀྱི་ས་ཁུལ་ཁག་ཏུ་རྒྱལ་སྤྱིའི་རོགས་རམ་ཚོགས་མི་དང་གསར་འགོད་པ་ཆེད་གཏོང་དགོས་པའི་འབོད་སྐུལ་གྱི་ཞུ་ཡིག་འབུལ་མཁན་གྲོས་ཚོགས་འཐུས་མི་བཞི་ནས་གཅིག་ཁོང་ཡིན་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེའི་ལས་གནས་ཐོག་འདེམས་ཐོན་གནང་བ་སྐུ་ཞབས་ཇོན་ཀེ་རིས་༧གོང་ས་མཆོག་དང་ལན་འགའ་མཇལ་འཕྲད་གནང་མྱོང་ཡོད་པ་མ་ཟད། སྲིད་སྐྱོང་བློ་བཟང་སེང་གེ་དང་ཐེངས་གཉིས་མཇལ་འཕྲད་གནང་མྱོང་ཡོད་པ་དང་། ཁོང་རྣམ་གཉིས་ཕྱི་ལོ་ ༢༠༡༢ ཟླ་ ༧ ནང་རྒྱལ་ས་ཝ་ཤིང་ཊོན་དུ་མཇལ་འཕྲད་སྐབས་བོད་ཀྱི་གནད་དོན་སྤྱི་དང་། ལྷག་པར་ཉེ་ལམ་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་གོ་བསྡུར་ཞིབ་ཕྲ་གནང་ཡོད་པ་མ་ཟད། ནང་ཚག་ཐོག་སྒེར་གྱི་མི་ཚེའི་གནས་སྟངས་སྐོར་ལའང་གོ་བསྡུར་གནང་མྱོང་ཡོད་འདུག་ལ། དབུ་ཁྲིད་རྣམ་གཉིས་བཞུགས་ཡུལ་ཨ་རིའི་མེ་སི་ཆུ་སེ་ཊི་མངའ་སྡེ་ (Massachusetts) དང་ཧར་ཝ་ཌི་ (Harvard University) གཙུག་ལག་སློབ་ཐོན་པ་ཡིན་པ་གཅིག་མཚུངས་ཡིན་པ་རེད།

Share this:
༡༡༣ ཀློག་གྲངས།