བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་སྐུ་གྲོངས་པར་མྱ་ངན།

sonamtobgyal_zachuབོད་ཀྱི་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་༡༢ ཚེས་༣༠ ཉིན་གྱི་ཐོ་རེངས་སྐུ་གྲོངས་པ་དང་། ཟླ་འདིའི་ཚེས་༡ ཉིན་གྱི་སྔ་དྲོ་སྐུ་ཕུང་ཞུགས་འབུལ་ཞུས་ཡོད་པ་རེད།  ཚེས་༣༡ ཕྱི་དྲོ་བོད་གཞུང་གིས་གངས་སྐྱིད་སྤྱི་ཐབས་ཡང་སྟེང་ཚོགས་ཁང་དུ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག

སྨོན་ལམ་གསུངས་པདང་། ཕྱི་དྲོར་དེར་དམ་པ་ཁོང་ལ་མྱ་ངན་གུས་འདུད་མཚོན་ཆེད་ལས་ཁུངས་ཁག་སྒོ་བརྒྱབ་ཡོད་པ་རེད།

 

ཚེས་༣༠ ཞོགས་པ་ཁོང་སྐུ་གྲོངས་པ་དང་། ཉིན་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཆོས་རིག་བཀའ་བློན། ཕྱི་དྲིལ་བཀའ་བློན། འཕྲོད་བསྟེན་བཀའ་བློན། དཔལ་འབྱོར་བཀའ་བློན་བཅས་དང། དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་རིན་པོ་ཆེ་དང་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་བཅས་ཀྱིས་སྐུ་ཕུང་ལ་མཇལ་དར་ཕུལ་ཏེ་མྱ་ངན་ཞུས་པ་ཡོད་པ་རེད།

sonamtobgyal_zachu

བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་ནི་ཕྱི་ལོ་༡༩༣༥ ལོར་ཁམས་བྲག་གཡབ་ཏུ། མཛེས་བཅུ་ཚང་ཁྱིམ་ཚང་དུ་སྐུ་འཁྲུངས། དགུང་ལོ་༧ ནས་ཆབ་མདོ་དང་བྲག་གཡབ་ཏུ་འབྲི་ཀློག་དང། སུམ་རྟགས་སོགས་རིག་གནས་དང་ནང་དོན་རིག་པ་བཅས་ལ་སློབ་སྦྱོང་གནང། དགུང་ལོ་༡༩ ལ་ལྷ་སར་ཕེབས་ཏེ་རྭ་སྟོད་གྲྭ་ཚང་དུ་བསྡུས་གྲྭ་ནས་འགོ་བཙུགས་ཏེ་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་གནང།

དེ་རྗེས་ཕྱི་ལོ་༡༩༥༩ ལོར་མི་སི་མ་རི་བརྒྱུད་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་ནས་ཕྱི་ལོ་༡༩༦༠ ལོར་ཝ་རཱ་ཎཱ་སིར་རྟེན་གཞི་བྱས་པའི་ལེགས་སྦྱར་མཐོ་རིམ་སློབ་གྲྭར་ལེགས་སྦྱར་གྱིསྐད་ཡིག་དང། ཧིན་དིའི་སྐད་ཡིག མཚན་ཉིད་བཅས་ལ་སློབ་གཉེར་གནང་བ་དང། དེ་ནས་སློབ་ཐོན་གནང་རྗེས་རང་གཞུང་གི་བཀའ་དགོངས་ལྟར་ཝར་ཎཱ་ཧིན་དུ་གཙུག་ལག་སློབ་གཉེར་ཁང་དུ་ཉམས་ཞིབ་ཀྱི་ཕྱག་ལས་གནང་། ཕྱི་ལོ་༡༩༦༣ ལོར་གཞུང་ཞབས་སུ་ཞུགས་ཏེ། ཆོས་དོན་ལྷན་ཁང་ནང་ཕྱག་ལས་གནང། ཕྱི་ལོ་༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་གསར་འཛུགས་ཀྱི་ཕྱག་ལས་གནང། ཕྱི་ལོ་༡༩༧༡ ལོར་དྲིལ་བསྒྲགས་དྲུང་ཆེ་གཞོན་པར་བསྐོ་གཞག་བྱུང། ཕྱི་ལོ་༡༩༧༦ ལོར་བཀའ་དྲུང་གཞོན་པར་གནས་སྤོས་བསྐོ་གཞག་བྱུང།

དེ་རྗེས་ཕྱི་ལོ་༡༩༨༠ ལོར་དྲིལ་བསྒྲགས་དྲུང་ཆེར་གནས་སྤོས་བསྐོ་གཞག་བྱུང། ཕྱི་ལོ་༡༩༨༣ ལོར་ལས་བྱེད་བདག་གཉེར་ཁང་གི་ཚོགས་མིར་བསྐོ་གཞག་བྱུང། དེ་ནས་ཕྱི་ལོ་༡༩༩༡ ལོར་ཆབ་སྲིད་ཚོགས་ཆུང་གི་རྒྱུན་ལས་དྲུང་ཆེར་བསྐོ་གཞག་བྱུང། ཕྱི་ལོ་༡༩༩༣ ལོར་བཀའ་བློན་དུ་འདེམས་ཐོན་བྱུང་སྟེ། ཕྱི་ལོ་༡༩༩༣ ནས་༡༩༩༦ བར་སྐབས་༡༠ བཀའ་ཤག་གི་ནང་སྲིད་དང་འཕྲོད་བསྟེན་གྱི་བཀའ་བློན་གནང་ཐོག ཕྱི་ལོ་ ༡༩༩༥ ནས་བཀའ་བློན་ཁྲི་པའི་མཛད་འགན་བཞེས།

དེ་ནས་ཕྱི་ལོ་༡༩༩༧ ལོར་སླར་ཡང་བཀའ་བློན་དུ་འདེམས་ཐོན་བྱུང་སྟེ། ཕྱི་ལོ་༢༠༠༡ བར་སྐབས་༡༡ བཀའ་ཤག་གི་བཀའ་བློན་ཁྲི་པའི་མཛད་འགན་བཞེས་ཐོག་ནང་སྲིད་དང། བདེ་སྲུང། ཆོས་རིག་བཅས་ཀྱི་བཀའ་བློན་གནང། དེ་ནས་ཕྱི་ལོ་༢༠༠༡ ལོར་བཀའ་བློན་གྱི་ལས་ཡུན་ཚང་རྗེས་བགྲེས་ཡོལ་དུ་ཕེབས་ཏེ་བཞུགས་མུར། ཕྱི་ལོ་༢༠༠༢ ནས་ད་བར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་༸གོང་ས་མཆོག་གི་མཛད་རྣམ་རྩོམ་སྒྲིག་སྡེ་ཚན་གྱི་ཕྱག་ལས་གནང་གི་ཡོད་པ་རེད།
ཕྱི་ལོ་༢༠༡༡ ལོ་མཇུག་ཙམ་ནས་བསྙུན་བཞེས་སྨན་བཅོས་གནང་མུས་ཡོད་ཀྱང། ༢༠༡༢ ལོའི་ཟླ་༡༢ ཚེས་༣༠ ཐོ་རེངས་ཆུ་ཚོད་༤ ཙམ་ལ་སྐུ་ཚེའི་འཕེན་པ་རྫོགས་འདུག །

Share this:
༡༥༢ ཀློག་གྲངས།