སྐུ་ཚབ་བསྐོ་ཕྱོགས་དང་འབྲེལ་མོལ་ཡོང་ཐབས་སུ་གོ་བསྡུར་བྱས་ཡོད།

ཟླ་འདིའི་ཚེས་༢ ཉིན་ཞི་མོལ་གྱི་ལམ་ནས་གང་མྱུར་བོད་དོན་དཀའ་རྙོག་སེལ་ཐབས། དེ་བཞིན་རྒྱ་ནག་གི་འགོ་འཁྲིད་འཕོ་འགྱུར་དང་དེའི་དབང་གིས་བོད་དོན་ལ་ཕན་གནོད་ཇི་འགྱུར་བཅས་ཀྱི་སྐོར་བགྲོ་གླེང་བྱས་ཡོད་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།

༢༠༡༢ ལོའི་ཟླ་ ༡༢ ཚེས་ ༣༡ ནས་ཉིན་གཉིས་རིང་དྷ་སར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ ཚོགས་འདུ་ཐེངས་ཉེར་ལྔ་པ་བསྐོང་ཚོགས་བྱས་པ་དང་། ཟླ་འདིའི་ཚེས་༢ ཉིན་བོད་གཞུང་དྲ་གནས་ཐོག་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། “ཚོགས་འདུའི་སྐབས་རང་ལུས་མེར་སྲེག་གི་ཛ་དྲག་གནས་ཚུལ་གྱིས་མཚོན་ཇེ་སྡུག་ཏུ་འགྲོ་བཞིན་པའི་བོད་ནང་གི་ཆབ་སྲིད་གནས་སྟངས་དང༌། ཞི་མོལ་གྱི་ལམ་ནས་གང་མྱུར་བོད་དོན་དཀའ་རྙོག་སེལ་ཐབས། དེ་བཞིན་རྒྱ་ནག་གི་འགོ་འཁྲིད་འཕོ་འགྱུར་དང་དེའི་དབང་གིས་བོད་དོན་ལ་ཕན་གནོད་ཇི་འགྱུར་བཅས་ཀྱི་སྐོར་བཀའ་བསྡུར་གནང་ཡོད་པ་དང་། བོད་དང༌། རྒྱ་ནག དེ་བཞིན་རྒྱལ་སྤྱིའི་གནས་སྟངས་བཅས་ལ་གཞིགས་ཏེ་འབྲེལ་མོལ་གྱི་བརྒྱུད་རིམ་ལ་བསྐྱར་ཞིབ་དང་སྦྲགས། འབྱུང་འགྱུར་འབྲེལ་མོལ་གྱི་འདུན་ལམ་དང་གནས་སྟངས་གདོང་ལེན་ཞུ་ཕྱོགས་གོ་བསྡུར་སྦྱང་བཤད་ཞིབ་ལྷུག་བྱུང་ཡོད་ཅིང༌། ྋགོང་ས་མཆོག་གི་སྐུ་ཚབ་བསྐོ་གཞག་གནང་ཕྱོགས་ཀྱིས་མཚོན་པའི་འབྲེལ་མོལ་མུ་ མཐུད་ཐབས་སུ་དོན་ཕན་ལྡན་པའི་དགོངས་ཚུལ་གསུངས་ཡོད་”ཅེས་འཁོད་འདུག

གསལ་བསྒྲགས་དེའི་ནང་བོད་ཀྱི་ཆབ་སྲིད་ཀྱི་སྲིས་ཇུས་སྐོར་འཁོད་དོན། “བོད་མིའི་འགོ་འཁྲིད་ཀྱིས་ཆོད་སེམས་བརྟན་པོའི་སྒོ་ནས་འཚེ་བ་མེད་པ་དང་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་བྱ་རྒྱུ་མ་ཟད། འབྲེལ་མོལ་གྱི་ལམ་ནས་བོད་དོན་དཀའ་རྙོག་སེལ་ཐབས་བྱེད་རྒྱུ་དེ་ཉིད་ཐབས་ལམ་བཟང་ཤོས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ ‘ང་ཚོས་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བར་བརྩི་བཞིན་ཡོད་ན་ས་གནས་དང༌། དུས་ཚོད་གང་འདྲ་ཞིག་ཏུ་ཡིན་རུང་དོན་ཕན་ལྡན་པའི་འབྲེལ་མོལ་ཞུ་རྒྱུའི་གྲ་ སྒྲིག་ཡོད།’ཅེས་གསུངས་ཡོད། བོད་མིའི་འགོ་འཁྲིད་ཀྱིས་བོད་མི་ཚོས་རང་ལུས་མེར་སྲེག་གིས་མཚོན་པའི་ ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་མུ་མཐུད་ཞུ་བཞིན་ཡོད་”ཅེས་འཁོད་འདུག

”མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་བོད་ནང་གི་མིག་སྔའི་གནས་སྟངས་ལ་ཐུགས་འཚབ་དང༌། འབྲེལ་མོལ་ལ་རྒྱབ་སྐྱོར་ཡོད་པ་བཅས་ཀྱི་བསྒྲགས་གཏམ་སྤེལ་བར་དགའ་བསུ་ཞུ་རྒྱུ་ཡིན་”ཞེས་འཁོད་ཡོད་པ་རེད།

གསལ་བསྒྲགས་དེའི་ནང་མ་འོངས་པའི་བྱེད་ཕྱོགས་སྐོར་འཁོད་དོན། “བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་བསྐྱར་སྒྲིག་བྱ་རྒྱུ་དང༌། འདི་ལོ་ཕྱི་ཟླ་ ༣ པའི་ནང་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་འདུའི་སྐབས་རྒྱ་ནག་གི་འགོ་འཁྲིད་གསར་པ་ཚོས་ལས་འགན་ཆ་ཚང་བླངས་རྗེས་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་བསྐོང་ཚོགས་ཞུ་རྒྱུ་ཡིན་”ཞེས་འཁོད་ཡོད་པ་རེད།།

Share this:
༣༢ ཀློག་གྲངས།