རང་ལུས་མེ་མཆོད་ཕུལ་མཁན་རྣམས་ཀྱི་ཚེ་སྲོག་ཆུད་ཟོས་སུ་ག་ལ་འགྲོ་སྲིད།

ཁྲིམས་ལུགས་སློབ་མ་བློ་བཟང་གྲགས་པ།
ལོ་ཟླ་ནི་ཆུ་བོ་ཇི་བཞིན་རྒྱུན་ཆད་མེད་པར་ད་ཡང་ཕྱི་ལོ་གསར་པ་ཞིག་གི་འགོ་བཙུགས་ནས། ལོ་ཟླ་རིམ་གྱིས་སྔར་བཞིན་འགྲོ་རྒྱུ་ཡིན་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན། འདས་པའི་ལོ་ངོ་ཧྲིལ་པོ་དེའི་ནང་འུ་ཅག་ཁ་བ་ཅན་གྱི་རྒྱལ་ཁམས་དེ་ཉིད་ཁྲག་རྣག་གིས་རྒྱ་མཚོ་འཁྱིལ་ཏེ། གདོང་དམར་བོད་རིགས་སྤུན་ཟླ་ཡོད་ཚད་ལ་བྱུང་མྱོང་མེད་པའི་ལུས་སེམས་ཀྱི་དཀའ་སྡུག་མྱོང་དགོས་བྱུང་བ་རེད།

བདག་ཅག་བཀུར་འོས་དཔའ་བོ་དཔའ་མོ་གྲངས་རྒྱ་མ་ཟིན་ཙམ་གྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེ་མཆོད་ཕུལ་བ་དང་། དེའི་ནང་ནས་འདས་གྲོངས་སུ་སོང་པ་གྲངས་༧༨ ཟིན་ཡོད་པ་དང་། གནད་དོན་དེས་བོད་རིགས་སྤུན་ཟླ་རྣམས་ལ་བཟོད་མེད་ཀྱི་སེམས་སྡུག་བསྐྲུན་པ་མ་ཟད། བོད་ཀྱི་ལས་དབང་འདི་ཉིད་ཀྱང་ཆེས་ཐབས་ཟད་འུ་ཐུག་གི་གནས་སུ་ལྷུང་ཡོད་པ་རེད། ཁོང་རྣམ་པའི་མི་རིགས་ལ་ཞེན་བའི་ལས་འགུལ་འདིས་རང་ཉིད་ཀྱི་ནང་མི་སྤུན་མཆེད་སོགས་ལ་མི་ཚེ་གང་བོར་བརྗེད་ཐབས་དཀའ་བའི་དཀའ་སྡུག་བསྐྲུན་པ་མ་ཚད། བོད་དང་རྒྱལ་སྤྱིའི་ལོ་རྒྱུས་ཀྱི་ཟིན་ཐོ་རུ་བསུག་ཏུ་མེད་པའི་ཡ་མཚན་གྱི་ལེ་ཚན་ཞིག་ཀྱང་མཛད་པ་རེད་སྙམ།

ཁ་སང་དེ་རིང་མི་མང་པོ་ཞིག་གིས་ཁོང་རྣམ་པའི་ཚེ་སྲོག་དེ་དག་དོན་མེད་ཆུད་ཟོས་སུ་འགྱུར་བའི་དོགས་པ་བྱེད་ཀྱི་ཡོད་ལ། ཡང་ཁ་ཤས་ཀྱིས་རང་ལུས་མེ་མཆོད་ཕུལ་ཏེ་རྒྱ་ནག་ལ་ཞི་རྒོལ་བྱས་པའི་ལས་འགུལ་འདི་ཉིད་ལ། གྲུབ་འབྲས་ནས་མེད་ལུགས་སོགས་བསམ་ཚུལ་འདྲ་མིན་བྱུང་དང་འབྱུང་མུས་ཡིན་མོད། འོན་ཀྱང་ངས་བསམ་པར། རང་ཅག་བཀུར་འོས་དཔའ་བོ་དཔའ་མོ་རྣམ་གྱིས་མཛད་པའི་ལས་འགུལ་འདི་ལ་འགྲུབ་འབྲས་གཏན་ནས་མ་བྱུང་བ་དང་། ཁོང་རྣམ་པའི་ཚེ་སྲོད་དེ་དག་ཆུད་ཟོས་སུ་སོང་པ་གཏན་ནས་མི་སེམས། གང་ཡིན་ལགས་ན། ཆབ་སྲིད་དང་འབྲེལ་བའི་ལས་འགུལ་ཆེ་ཕྲ་གང་ཡིན་ཡང་། ངེས་པར་དུ་མིག་མཐོང་ལག་ཟིན་དང་། གང་མགྱོགས་ཅི་མགྱོགས་ཀྱིས་གྲུབ་འབྲས་ཤིག་ཐོབ་དགོས་པ་ངེས་པ་མེད་ལ། མཚམས་རེར་གྲུབ་འབྲས་ཀྱི་ངོ་བོ་དེའང་ཕྱིར་ཚུལ་གྱིས་མཐོང་ཆོས་སུ་མ་སྣང་བ་དང་། ངང་རྒྱུད་རིང་པོའི་ཐོག་དལ་གྱིས་མངོན་པའི་གྲུབ་འབྲས་དེས་དེ་བས་མ་འོངས་པར་ཆབ་སྲིད་ཀྱི་ལམ་ནས་ཕན་བརླབ་ཆེས་ཆེར་ལྡན་ཐུབ་པའང་ཡོད་པ་རེད།

དེང་སང་མི་མང་པོ་ཞིག་གིས་བོད་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོས་རང་ལུས་མཆོད་མེ་ཕུལ་པ་དེའི་ཐད་འཛམ་གླིང་ནང་གི་གལ་ཆེན་གསར་ལམ་ཁག་དང་། མི་མང་སོགས་ཀྱི་བགྲོ་གླེང་དང་ཚོགས་འདུ། ལྷག་པར་དུ་གཞུང་དང་། ཆབ་སྲིད་པ། རྩོམ་པ་པོ། མི་མང་སོགས་ཀྱིས་དེ་ཙམ་དོ་སྣང་མེད་པ་རེད་ཅེས་གསུངས་ཀྱི་ཡོད་ལ། ཡང་ཁ་ཤས་ཀྱིས་བོད་དཔའ་བོ་དཔའ་མོ་ཚོས་རང་ལུས་མཆོད་མེ་ཕུལ་པ་ནི་ཆུ་རྫིང་ནང་རྡོ་གཡུག་པ་ལྟར་གོ་རྒྱུ་གྲགས་རྒྱུ་མེད་པ་འགྱུར་ཡོད་པ་སོགས་བསམ་ཚུལ་མང་པོ་སླེབས་བཞིན་ཡོད་ནའང་། ངས་དེ་ལྟར་དྲན་གྱི་མི་འདུག། སྤྱིར་རྒྱལ་ཁབ་དང་སྒེར་བ་སུ་ཡིན་ནའང་རང་ཉིད་ཀྱི་ཁེ་ཕན་སྒྲུབ་པ་དང་། རང་ཉིད་ཀྱི་ཁེ་ཕན་དོན་དུ་གང་ཐུབ་ཀྱིས་གཞན་བསྟུན་བྱེད་པ་ནི་འགྲོ་ལུགས་ཙམ་རེད་མོད། འོན་ཀྱང་ཁོང་ཚོས་ཁ་ནས་མ་བཤད་པ་ཙམ་གྱིས་ཁོང་ཚོར་རྒྱ་ནག་ཐད་སྐྱུག་བྲོ་བའི་ཚོར་བ་ཞིག་སླེབས་མེད་པ་དང་། བོད་དོན་ཐད་བློ་གཟི་བའི་ངང་བསམ་བློ་ཞིག་གཏོང་མྱོང་མེད་པ་དེ་མཚོན་མི་ཐུབ་པ་རེད།

ཡང་མཐར་གཅིག་ཏུ་དེང་སང་འཛམ་གླིང་སྒང་གཞུང་སྒེར་གཉིས་དང་གནད་ཡོད་མི་སྣ། ཤེས་ཡོན་ཅན་ཚོས་བོད་དོན་ལ་དོ་སྣང་གནང་གི་མི་འདུག་ཅེས་བརྗོད་པ་ཡིན་ན། དེ་ནི་མི་རུང་སྟེ། འདས་པའི་ལོ་གཅིག་གི་རིང་། བདག་ཅག་དཔའ་བོ་དཔའ་མོ་མང་པོས་རང་ཉིད་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་རང་ལུས་མཆོད་མེར་སྒྲོན་པའི་བཀའ་དྲིན་ནས། འཛམ་གླིང་ཡུལ་གྲུ་དུ་མར་མི་མང་ཁྲོད་དུ་བོད་དོན་ཐད་སྔར་ལས་མཁྱེན་རྟོགས་བྱུང་བ་དང་། རྒྱ་ནག་ལ་སྐྱོན་བརྗོད་དང་སུན་སྣང་སྐྱེས་པའང་མང་པོ་བྱུང་ཡོད་པ་རེད། ད་དུང་རང་ལུས་མཆོད་མེར་བསྒྲོན་པའི་ལས་འགུལ་དེའི་རྗེས་སུ། ང་ཚོའི་བཙན་བྱོལ་སྒྲིག་འཛུགས་ཀྱི་སྣེ་ཁྲིད་མི་སྣ་མང་པོ་རྒྱལ་ཁབ་དུ་མ་ནས་བོད་དོན་དྲིལ་བསྒྲག་དང་། དེང་སྐབས་ཛ་དྲག་གི་གནས་ཚུལ་སོགས་ངོ་སྤྲོད་གནང་བ་གདན་འདྲེན་ཞུས་པ་མ་ཟད། རྒྱལ་ཁབ་མང་པོ་ནས་བོད་དོན་ཐད་དམིགས་བསལ་གྲོས་ཆོད་འཇོག་ཐུབ་པའང་མང་པོ་བྱུང་ཡོད། དེ་དག་ནི་བདག་ཅག་དཔའ་བོ་དཔའ་མོ་དག་གི་རང་ལུས་མཆོད་མེར་སྒྲོན་པའི་མཛད་རྗེས་རེད་ལ། ཁོང་ཚོའི་ཚེ་སྲོག་དག་ཆུད་ཟོས་སུ་སོད་མེད་པའི་དཔང་རྟགས་རེད།

དེང་དུས་ཆབ་སྲིད་ཀྱི་འགྲོ་ལམ་འདི་ནི་ཀྱག་ཀྱོག་ཡིན་ལ། དེའང་རང་གཅེས་འཛིན་དང་རང་གི་ཁེ་བབས་གཞིར་བཅོལ་བའི་འགྲོ་ལམ་ཞིག་ཡིན་པ་རེད། ད་ཆར་བོད་ཀྱི་ཛ་དྲག་གི་གནས་སྟངས་དང་བོད་ཀྱི་བཀུར་འོས་དཔའ་བོ་དཔའ་མོ་མང་པོས་རང་ལུས་མཆོད་མེར་བསྒྲོན་ཏེ་བོད་ལ་རང་དབང་དང་༧གོང་ས་མཆོག་ཕྱིར་རང་ཡུལ་ལ་གདན་འདྲེན་ཞུ་དགོས་པ་སོགས་དྲང་བདེན་དང་ནོར་བ་མེད་པའི་ཆ་རྐྱེན་འདི་དག་སྟོན་པར་འཛམ་གླིང་སྒང་སྤྱི་སྒེར་དང་། ཚོེགས་སྡེ་ཁག་གིས་རང་ཉིད་ཀྱི་ཁེ་ཕན་དང་རང་གཅེས་འཛིན་གྱི་རང་ལུགས་གཞིར་བཅོལ་གྱིས། རྒྱ་ནག་ལ་གནོན་ཤུགས་དགོས་ངེས་ཅན་ཞིག་སྤྲད་མ་ཐུབ་པ་དེ་བདེན་པ་ཡིན་མོད། ཡིན་ནའང་འདི་ནི་ཁོང་ཚོས་རང་ཉིད་ཀྱི་གནས་སྐབས་ཁེ་ཕན་ལ་གཙོར་གཟིགས་ཀྱིས་བྱུང་བ་རེད། ནམ་ཞིག་ཁོང་ཚོའང་རྒྱ་ནག་གི་ཤུགས་རྐྱེན་དང་རྡོག་ཕོག་སྤྲད་པའི་ཡུལ་དུ་གྱུར་པ་དང་། རང་ཉིད་ཀྱི་ཁེ་ཕན་དེ་ཉིད་ལ་ཉེན་འཚབ་སླེབས་པ་དང་། རྒྱ་ནག་གི་རྐྱེན་པས་རང་ཉིད་ལ་འགྲོ་ལམ་མ་རྙེད་པའི་དུས་དེ་ནས། རང་ཅག་སྤུན་ཟླ་རྣམས་ཀྱི་ལས་འགུལ་འདི་རིགས་ནི་ཁོང་ཚོར་མཚོན་ན་རྒྱ་ནག་གི་འགྲོ་ལམ་བཀག་པ་དང་། རྒྱ་ནག་ལ་དགྲ་ལེན་འཁོན་ལན་ལོགས་པའི་ལག་ཆ་ཡག་ཤོས་དེ་ཆགས་ཀྱི་ཡོད། འདི་ནི་ཆབ་སྲིད་ཀྱི་ངང་རྒྱུད་རང་བཞིན་ལྡན་པ་དང་འཁོན་ལན་ལོགས་བྱེད་ཀྱི་ལག་ཆ་གསོག་བསྒྲུག་བྱེད་པའི་ཐབས་ལམ་ཞིག་རེད་ལ། སོ་སོ་སྲོང་སྐྱོབ་ཐུབ་པའི་མ་ལག་གལ་ཆེན་ཞིག་ཀྱང་ཡིན། དེར་བརྟེན། ང་ཚོས་གནས་སྐབས་ཀྱི་ཆབ་སྲིད་དང་། སྤྱི་ཚོགས་ཀྱི་གནས་བབས་འདི་དང་བྱེད་ཕྱོགས་འདིའི་རྐྱེན་པས། ང་ཚོས་ད་ལྟ་ནས་འུ་ཅག་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་ལ་སྡོམ་ཚིག་བཀོད་པ་ནི་ཅུང་སྔར་མི་དྲགས་ནམ་སྙམ།

Share this:
༩༧ ཀློག་གྲངས།