རླུང་ལངས་ནས་དྲི་བ་ཆ་ཚང་ལ་ལན་འདེབས་གནང་མ་སོང་།

གྲོས་མོལ་གྱི་ཐོག་ནས་བོད་མི་མང་གི་དཀའ་ངལ་སེལ་རྒྱུ་དེ་གྲོས་མོལ་གྱི་དམིགས་ཡུལ་རེད། དེའི་གྲུབ་འབྲས་དེ་བྱུང་ཡོད་མ་རེད། ཡིན་ན་ཡང་ཞ་དང་ཞོར་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད་རེད་བསམ་གྱི་འདུག་ཅེས། བོད་གནས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་གྱིས་གསུངས་སོང་།

དེ་ཡང་༢༠༡༢ ཟླ་༡༢ ཚེས་༣༡ ནས་ཟླ་འདིའི་ཕྱི་ཚེས་༡ བར་ཉིན་གཉིས་རིང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་ལྔ་པ་དྷ་སར་བསྐོང་ཚོགས་གནང་སྟེ། བོད་ནང་གི་རང་ལུས་མེར་སྲེག་གི་ཛ་དྲག་གནས་ཚུལ་གྱིས་མཚོན། ཇེ་སྡུག་ཏུ་འགྲོ་བཞིན་པའི་བོད་ནང་གི་ཆབ་སྲིད་གནས་སྟངས་དང༌། ཞི་མོལ་གྱི་ལམ་ནས་གང་མྱུར་བོད་དོན་དཀའ་རྙོག་སེལ་ཐབས། དེ་བཞིན་རྒྱ་ནག་གི་འགོ་འཁྲིད་འཕོ་འགྱུར་དང་དེའི་དབང་གིས་བོད་དོན་ལ་ཕན་གནོད་ཇི་འགྱུར་བཅས་ཀྱི་སྐོར་བཀའ་བསྡུར་གྱིས་མཇུག་བསྒྲིལ་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་༢ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས། ཚོགས་འདུ་དེ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། མཇུག་ཏུ་བོད་གནས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལ་འབྲེལ་གཏུགས་བྱ་ཆོག་ཅེས་ལམ་སྟོན་བྱས་ཡོད་པ་ལྟར།

 

ཟླ་འདིའི་ཕྱི་ཚེས་༣ ཉིན་འདི་གའི་གསར་འགོད་པ་ཆེད་དུ་བོད་གནས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསམ་འཕེལ་གྱི་སར་བཅར་ཏེ། ཐེངས་འདིའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་དེ་དང་འབྲེལ་བའི་སྐོར་ལ་བཅར་འདྲི་བྱེད་སྐབས། ཁོང་གིས་གསར་འགོད་པའི་དྲི་བ་ཁ་ཤས་ལ་ལན་བརྒྱབ་པ་དང་། དྲི་བ་ཚོར་ལན་ཏག་ཏག་གནང་གི་མི་འདུག་ལ། མཐར་རླུང་ལངས་ནས་དྲི་བ་མང་པོ་ཞིག་ལ་ལན་རྒྱག་རོགས་གནང་མ་སོང་། གསར་འགོད་པས་ཐེངས་འདིའི་ཚོགས་འདུ་དེ་དང་འབྲེལ་བའི་དྲི་བ་ཤ་སྟག་ཡིན། གསར་འགོད་པའི་དྲི་བ་གང་བཏང་བ་དང་ཁོང་གིས་དྲི་བར་ལན་གང་བརྒྱབ་པ་དེ་གཤམ་ཏུ་བཀོད་ཡོད།

དྲི་བ། ཐེངས་འདིའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུའི་ཐོག་བརྗོད་གཞི་གཙོ་བོ་གང་ལ་བགྲོ་གླེང་གང་བྱུང་ཡོད་རེད། དེ་དང་འབྲེལ་བའི་ཐག་གཅོད་གང་བྱུང་ཡོད་མེད་ངོ་སྤྲོད་ཅིག་གནང་རོགས།

ལན། ཁ་སང་གི་གསར་འགོད་གསལ་བསྒྲགས་དེའི་ནང་སྙིང་བསྡུས་བཀོད་ཡོད་རེད། གཙོ་བོ་དེ་བོད་དང་རྒྱ་ནག་དེ་བཞིན་རྒྱལ་སྤྱིའི་གནས་སྟངས་བཅས་ལ་གཞིགས་ཏེ་འབྲེལ་མོལ་གྱི་བརྒྱུད་རིམ་ལ་བསྐྱར་ཞིབ་དང་སྦྲགས། འབྱུང་འགྱུར་འབྲེལ་མོལ་གྱི་འདུན་ལམ་དང་གནས་སྟངས་ལ་གདོང་ལེན་ཞུ་ཕྱོགས་གོ་བསྡུར་སྦྱང་བཤད་ཞིབ་ལྷུག་བྱུང་ཡོད་ཅིང་། ༧གོང་ས་མཆོག་གི་སྐུ་ཚབ་བསྐོ་གཞག་གནང་ཕྱོགས་ཀྱིས་མཚོན་པའི་འབྲེལ་མོལ་མུ་མཐུད་ཐབས་སུ་དོན་ཕན་ལྡན་པའི་དགོངས་ཚུལ་གསུངས་ཡོད་ཅེས་པ་དེ་རེད།

དྲི་བ། གསལ་བསྒྲགས་དེའི་ནང་འབྲེལ་མོལ་གྱི་བརྒྱུད་རིམ་ལ་བསྐྱར་ཞིབ་བྱས་ཡོད་སྐོར་འཁོད་འདུག ཐེངས་འདིའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུའི་ཐོག་ད་ལྟའི་བར་ བོད་རྒྱ་འབྲེལ་མོལ་ཐེངས་མང་པོར་བྱུང་ཡོད་པ་དེ་དག་གིས། བོད་མིའི་རྩ་དོན་འཐབ་རྩོད་ལ་གྲུབ་འབྲས་ག་འདྲ་ཞིག་ཐོན་པར་ངོས་འཛིན་གནང་གི་འདུག

ལན། གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་ངལ་སེལ་དགོས་པ་བཀག་ཤག་གི་ལངས་ཕྱོགས་རེད། ལྷག་པར་དུ་བཀའ་ཤག་ཐེངས་བཅུ་བཞི་པའི་ལངས་ཕྱོགས་རེད། གྲོས་མོལ་གྱི་ལམ་དེ་མ་གཏོགས་ལམ་གཞན་པ་མེད་པར་ངོས་འཛིན་གནང་གི་འདུག དེར་བརྟེན་གྲོས་མོལ་གྱི་ཐོག་ནས་བོད་རྒྱའི་དཀའ་ངལ་སེལ་བ་ཡིན་ན། དཀའ་ཤག་གི་ངོས་ནས་ག་དུས་ཡིན་ན་ཡང་གྲོས་མོལ་བྱ་རྒྱུའི་འདོད་པ་ཡོད་པ་དང་། ས་ཆ་གང་དུ་ཡིན་རུང་གྲ་སྒྲིག་ཆ་ཚང་ཡོད་སྐོར་གསལ་པོར་གསུངས་ཡོད་རེད། དེ་ཐེངས་མ་མང་པོར་གསུངས་པ་རེད། གྲོས་མོལ་གྱི་ཐོག་ལ་བཀའ་ཤག་གི་ལངས་ཕྱོགས་གཙོ་བོ་འདྲ་བོ་དེ་དེ་རེད་འདུག་ཅེས་བརྗོད་བྱུང་།

གསར་འགོད་པས་བསྐྱར་དུ་གོང་གི་དྲི་བ་དེའི་ལན་རག་ཆེད། ད་ལྟའི་བར་བོད་རྒྱ་འབྲེལ་མོལ་ཐེངས་མང་པོར་བྱས་པ་དེས། དངོས་གནས་ཁ་ཡོད་ལག་ཡོད་ཀྱིས་བོད་དང་མིའི་རྩ་དོན་ཆེད་ཕན་ཐོགས་ག་ཚོད་ཅིག་བྱུང་འདུག་པར་ངོས་འཛིན་གནང་གི་འདུག་ཅེས་དྲིས་པར།

ཁོང་གིས་དོན་དག་རང་བྱས་ན་དོན་དག་གཙོ་བོ་དེ་གྲོས་མོལ་བྱས་ཏེ་བོད་མི་མང་གི་དཀའ་ངལ་སེལ་རྒྱུ་དེ་གྲོས་མོལ་གྱི་དམིགས་ཡུལ་རེད། དེའི་གྲུབ་འབྲས་དེ་བྱུང་ཡོད་མ་རེད། ཡིན་ན་ཡང་ཞ་དང་ཞོར་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད་རེད་བསམ་གྱི་འདུག རྒྱ་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་དང་མཉམ་དུ་གྲོས་མོལ་བྱས་པ་ཙམ་གྱིས། བོད་ཀྱི་གནད་དོིན་དེ་གནད་དོན་ཞིག་ཡིན་པར་ངོས་འཛིན་བྱས་པ་རེད། ༧གོང་ས་མཆོག་གི་སྐུ་ཚབ་དང་མཉམ་དུ་གྲོས་མོལ་མ་བྱས་པར་བོད་རྒྱའི་དཀལ་ངལ་སེལ་རྒྱུ་མེད་པ་རྒྱ་གཞུང་གིས་ངོས་འཛིན་བྱས་པ་རེད།

དྲི་བ། ཚོགས་འདུ་འདིའི་ཐོག་སྐུ་ཚབ་བསྐོ་བཞག་མ་བྱས་པ་དེ་དེས་ཕན་ཐོགས་མེད་པ་མཐོང་གི་ཡོད་པས་རེད་དམ་ཡང་ན་རྒྱུ་མཚན་གཞན་ཞིག་གི་དབང་གིས་རེད།

ལན། ང་རང་གིས་ཁྱེད་རང་ལ་ལན་རྒྱག་སའི་གཞི་དེ་གསར་འགོད་གསལ་བསྒྲགས་དེ་དང་འབྲེལ་བ་ ཡོད་པ་མ་གཏོགས། གཞན་པར་ལན་རྒྱག་རྒྱུའི་ཐོབ་ཐང་ང་ལ་ཡོད་མ་རེད། དེ་ཚོའི་ཐོག་སྐུ་ངོ་སྲིད་སྐྱོང་ལ་བཀའ་འདྲི་གནང་དགོས་ཀྱི་ཡོད་རེད།

དྲི་བ། གསལ་བསྒྲགས་དེའི་ནང་ཡོང་འཆར་གྱི་ཕྱི་ཟླ་གསུམ་པའི་ནང་བསྐྱར་དུ་ཚོགས་འདུ་བསྐོང་རྒྱུ་ཡིན་སྐོར་འཁོད་འདུག སྐབས་དེར་སྐུ་ཚབ་བསྐོ་གཞག་བྱ་རྒྱུའི་ཐག་ཆོད་དེ་འདྲ་བྱུང་ཡོད་རེད་དམ།

ལན། དེ་ངས་ཞུ་ཤེས་ཀྱི་མ་རེད། ཡིན་ན་ཡང་གྲོས་བསྡུར་གནང་དགོས་བྱུང་གི་རེད། དེ་གསལ་བསྒྲགས་ནང་གསལ་པོ་འཁོད་ཡོད་རེད། ང་ཚོས་གཅིག་གིས་གཅིག་བཀར་ཡ་མ་རེད་ཅེས་བརྗོད་ནས་དྲིས་ལན་རྒྱག་མཚམས་བཞག་སོང་།
གསར་འགོད་པས་ད་དུང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་དང་འབྲེལ་བའི་སྐོར་ལ་བཅར་འདྲི་བྱེད་རྒྱུ་ཡིན་སྐོར་བརྗོད་ཀྱང་། ཁ་ཕར་འཁོར་ནས་ཡ་ལན་སློག་རོགས་གནང་མ་སོང་།།

Share this:
༡༦༡ ཀློག་གྲངས།