བོད་རྒྱ་འཆམ་མཐུན་གྱི་འབོད་སྒྲ།

ལོ་ངོ་བརྒྱ་ཕྲག་མང་པོའི་ཆོས་གྲོགས་ཁྱིམ་མཚེས་རྒྱ་ནག་འདི་ད་ཆ་དམར་ཤོག་འགོ་ཁྲིད་རྣམས་ཀྱིས་རང་རྒྱལ་མཁྲེགས་བཟུང་བཙན་པོའི་བྱ་སྤྱོད་ལ་བརྟེན་ནས། བོད་རྒྱ་གཉིས་ཀྱི་ཡུལ་འདི་ཁྲག་དང་མཆི་མའི་གཙང་ཆུའི་ནང་ཉིན་དང་མཚན་མི་འཁྱོལ་བའི་བཙོན་རྭ་དམྱལ་ཁམས་ལྟ་བུར་གནས་ཡོད་པས། ཤ་ཚ་དང་ལར་ཞེན་མ་བཟོད་པའི་སྙིང་གཏམ་འདི་གུས་ཏ་མོ་ཚང་ཚེ་རིང་བཀྲིས་ཀྱིས་སྨྱུག་ཁ་ཤོར་བ་ཞིག་སྟེ།

ང་ཚོ་བོད་རྒྱ་གཉིས་འཆམ་མཐུན་ཡོང་རྒྱུ་ཁག་པོ་ཡིན་པ་དེ་ཡང། དམར་ཤོག་གི་འགོ་ཁྲིད་རྣམས་ཀླད་རྙིང་ཀླ་ཀློའི་རང་གཟུགས་ཅན་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས། ངོ་ཚ་སྐྱིད་སྡུག།བྱམས་པ་དང་སྙིང་རྗེ་མེད་པ་མ་ཟད། མི་དང་མིའི་ལོ་རྒྱུས་ཁུངས་ལྡན་བཤད་ས་མེད་མཁན་ཞིག་ཡིན་པ་དང།  འཛམ་གླིང་རྒྱལ་སྤྱིས་དབུས་པས་རྒྱལ་ཁབ་གཞན་པའི་འགོ་ཁྲིད་རྣམས་སྐབས་བབས་ཀྱི་སོ་སོའི་ལོ་ཚད་འཁྱོལ་ཐབས་མ་གཏོགས། སྤྱིར་འཛམ་གླིང་གི་གནས་སྟངས་ལ་ཐུགས་བསམ་གནང་མཁན་དཀོན་པོ་རེད།

 

དེ་ལྟར་མིན་ཚེ་འཛམ་གླིང་གི་ཞི་བདེ་དགོས་ན་བོད་ལ་རང་དབང་དགོས། དེང་སང་བོད་མི་གཞིས་བྱེས་གཉིས་ཀྱི་ལུས་སྲོག་མཆོད་མེར་འབུལ་བའི་སྐབས་ཀྱི་འབོད་སྒྲ་“བོད་ལ་རང་དབང་དགོས། ༸གོང་ས་མཆོག་བོད་ལ་གདན་ཞུ་དགོས་”ཞེས་པ་དེ་རེད།

བོད་རྒྱ་གཉིས་འགྲོ་སོང་སྤུ་ཙམ་མེད་པའི་ཐོག་འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དང་རྒྱ་ནག་རི་བོ་རྩེ་ལྔ་ལ་གདན་ཞུ་ཐུབ་པ་ཡིན་ན། དེའི་མཉམ་དུ་བོད་གངས་ཅན་ཡོངས་ཀྱི་བླ་ཆེན་རྣམ་པ་དང་ནང་པ་ཡོངས་ཀྱི་བླ་ཆེན་དང་ཞི་བདེ། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན། མང་གཙོ་ལ་དགའ་ཞེན་ཡོད་མཁན་ཚང་མ། རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་གྱི་ཡུལ་དེ་འཛམ་གླིང་ཡོངས་ཀྱི་མིག་དཔེ་བལྟ་སའི་བསྟི་གནས་ཤིག་ལ་འགྱུར་ངེས་ཟུར་བལྟས་ལེབ་མཐོང་རེད། ད་ལྟ་འཛམ་གླིང་ཡོངས་ཀྱི་མི་རྣམས་ནུབ་ཕྱོགས་ལ་སྐོམ་པ་ཆུ་འདོད་ལྟར་འགྲོ་བཞིན་པ་འདི་ལོ་ཤས་རྗེས་སུ་ཤར་ཕྱོགས་ལ་ཁ་འགྱུར་མི་སྲིད་པ་མིན། འདི་དེང་དུས་ཀྱི་ཤེས་ཡོན་ཅན་ཏང་གི་དབུ་ཁྲིད་གསར་པ་རྣམས་ཀྱི་ཕྱག་ཏུ་ཡོད།

ཡིན་ནའང་སྔོན་མའི་དམར་ཤོག་འགོ་ཁྲིད་ལྟར་ཀླད་རྙིང་མཁྲེགས་འཛིན་ཆེ་དྲག་ན། ད་ལྟ་༸གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་དགོངས་བཞེས་པ་མ་གཏོགས་གཞན་པ་ད་ལྟའི་བར་དུ་བོད་རྒྱལ་རབས་ཀྱི་ལོ་རྒྱུས་ནང་འཚེ་བ་སྤངས་པའི་ལོ་རྒྱུས་མེད། རྗེས་སུ་ཡང་འུ་ཐུག་ཚེ། “རྒྱ་ནག་གི་དཔེ་ལྟར་མི་མང་ན་རོ་མང་”ཞེས་ཡོང་མི་སྲིད་པ་མ་རེད། དེང་སང་འཛམ་གླིང་ནང་བོད་མི་སྐུ་ལུས་མཆོད་མེ་ཕུལ་མཁན་དགུ་བཅུ་གོ་གྲངས་ནང་ནས་མི་རེ་རེའི་མཉམ་དུ་མིའི་ཚེ་སྲོག་བརྒྱ་ཕྲག་ཁ་ཤས་དང་དངོས་པོའི་རིན་ཐང་ཁྲི་འབུམ་རེ་འཕྲོ་བརླག་གཏོང་མ་ཤེས་པ་དང་། མ་ཐུབ་པ་མ་དྲན་པ་མ་རེད། ཡིན་ནའང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་དགོངས་མ་བཟོད་པ་མ་གཏོགས། གཞན་ང་ཚོའི་ཁྱིམ་མཚེས་རྒྱ་གར་སྲིད་བློན་ཨིན་དྷྭར་གྷ་དྷི་དམག་མི་དཀྱུས་མ་ཞིག་གིས་བཀྲོངས་པ་དང། ར་ཇིབ་གྷ་དྷི་ཡང་བུ་མོ་ལོ་གཞོན་ཉེར་གཉིས་ཅན་ཞིག་གིས་བཀྲོངས་པ་རེད།

སྟོབས་ཆེན་ཨ་རིའི་འཛམ་གླིང་ཚོང་འབྲེལ་གྱི་ལས་ཁུངས་དེ་ཡང་མི་དཀྱུས་མ་གསུམ་གྱིས་སྐར་ཆ་གཉིས་ཀྱི་ནང་ཤུལ་མེད་བཟོས་པ་བློས་གཏོང་ཡིན། དེར་བརྟེན། ༸གོང་ས་མཆོག་གི་དབུ་མའི་ལམ་གྱི་བཀའ་དྲིན་མ་གཏོགས་རྗེས་སུ་རི་ལུག་པ་ཐག་པས་མ་འདུམ་པའི་དཔེ་ལྟར་བློ་འགྱོད་ཤར་ཉེན་དང་ཤར་ཚེ་ཕྱི་ཟིན་པ་ཡིན། མ་ཚད་གཅིག་སྟོང་དགུ་བརྒྱ་བརྒྱད་བཅུ་རྒྱ་གྲངས་ནས་དེང་སང་བར་མི་ལོ་གསུམ་བཅུ་ཙམ་རིང་ལ་༸གོང་ས་མཆོག་བྱམས་པ་དང། སྙིང་རྗེའི་རང་གཟུགས་ཅན་ཡིན་པས། ཁོང་གི་དགོངས་པ་དབུ་མའི་ལམ་དང་འཚེ་མེད་ཞི་བའི་བཞེངས་ཕྱོགས་བརྟན་པོ་ཡིན་ནའང། དམར་ཤོག་ཚོགས་པས་ཁེ་ཕན་མ་བླངས་ནས་ལངས་ཕྱོགས་མཁྲེགས་བཟུང་བྱས་ནས་བསྡད་པ་མ་ཟད། ༸གོང་ས་མཆོག་ལ་མཚན་སྨད་ཞུ་བཞིན་ཡོད་པས་ན། སྨྲ་ཤེས་དོན་གོ་མིའི་མཚན་ཉིད་ནས་སྐྱིད་སྡུག་བྲལ་བ་ཞིག་ངོས་འཛིན་རྒྱུ་རེད། དེ་བཞིན་འདི་ལོ་རྒྱ་ནག་དམར་ཤོག་མི་མང་ཚོགས་ཆེན་ཐེངས་བཅོ་བརྒྱད་སྐབས་དམར་ཤོག་གི་རྒྱུགས་ཁྱི་ཨ་ཁུ་ནེ་ཙོ་བྱམས་པ་ཕུན་ཚོགས་དང་བློ་བཟང་རྒྱལ་མཚན་གཉིས་གཙོས་གཞན་ཡང་རུས་མེད་ཀླད་སྟོང་ཁ་ཤས་ཀྱིས་བོད་མི་ས་ཡ་དྲུག་གཙོས་འཛམ་གླིང་ནང་བོད་དོན་ལ་ཐུགས་སྣང་རྒྱབ་སྐྱོར་པ་དང། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དང་ཞི་བདེ་ལ་དགའ་ཞེན་ཡོད་མཁན་ཚང་མ་ཧང་སང་པ་དང་བཞད་གད་ཤོར་མཁན་མང་པོ་འདུག།གང་ལགས་ཞེ་ན། ལོ་ཤས་ཀྱི་ཟས་གོས་གནས་མལ་ཆེད་སོ་སོའི་ལུས་སྦྱིན་གྱི་ཕ་མ་དང་རྩ་བའི་བླ་མ། ལུང་པའི་ལར་ཞེན།ཚེ་འདི་ཕྱི་བཅས་ཚང་མ་ཆང་ཕོར་གང་ལ་བརྗེ་པོ་རྒྱག་མཁན་ཡིན་པ་གསལ་པོ་བྱུང་སོང་། ཡིན་ནའང་བོད་མི་རྩམ་ཟན་གཙོས་པའི་ནང་པ་ཡོངས་དང་། བོད་མི་ལ་ལར་ཞེན་ཡོད་མཁན་རྣམས་བོད་མིའི་མིང་ཐོགས་ཚད་ལ་ཡིད་ཆེས་དང་བློས་འཁེལ་ཐབས་མེད་པའི་སློབ་སྟོན་ཞིག་ཀྱང་རག་ཡོད་པ་རེད།།   
ནུབ་ཕྱོགས་ཁེ་ན་ཌར་གནས་སྡོད་ཏ་མོ་ཚང་ཚེ་རིང་བཀྲིས་༢༠༡༢ ལོ་ཕྱི་ཟླ་ ༡༢ ཚེས་༢༥

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༢༠ ཕྱི་ལོ་ ༢༠༡༣/༡/༩ ཐོག་བཀོད་ཡོད།

Share this:
༩༤ ཀློག་གྲངས།