བརྙན་འཕྲིན་ལྟ་བྱེད་ཀྱི་འཁོར་སྐར་སྡེར་མ་གཞུང་བཞེས།

rabkong2_tvདེང་སྐབས་མདོ་སྨད་རེབ་གོང་དུ་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་བརྙན་འཕྲིན་དང་རླུང་འཕྲིན་སོགས་ལ་བལྟ་ཉན་བཀག་འགོག་བྱས་ཏེ། བརྙན་འཕྲིན་ལྟ་བྱེད་ཀྱི་འཁོར་སྐར་སྡེར་མ་རྙིང་པ་རྒྱ་ནག་གཞུང་གིས་གཞུང་བཞེས་བཏང་སྟེ། དེའི་ཚབ་ལ་གསར་པ་རེ་སྤྲོད་ཀྱི་ཡོད་འདུག

དེ་ཡང་བསོད་ནམས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། འདི་ཟླའི་ཕྱི་ཚེས་༨ནས་བཟུང་རྒྱ་གཞུང་གིས་རེབ་གོང་གི་དགོན་པ་སོ་སོ་དང་ཁྱིམ་ཚང་གི་ཡང་སྟེང་ནས་བོད་ཕྱིའི་རླུང་འཕྲིན་དང་བརྙན་འཕྲིན་སོགས་ཀྱི་རྒྱང་འཚོལ་ཡོ་བྱེད་འཁོར་སྐར་སྡེར་མ་གཞུང་བཞེས་བྱས་འདུག་པ་དང་། གལ་སྲིད་འཁོར་སྐར་སྡེར་མ་རྒྱ་གཞུང་ལ་རྩིས་སྤྲོད་དུས་ལྟར་མ་བྱས་ཚེ། ཉེས་ཆད་ལྕི་མོ་གཅོད་ཀྱི་ཡིན་སྐོར་རྒྱ་གཞུང་གིས་འབྲེལ་ཡོད་ལས་བྱེད་མི་སྣས་བརྗོད་ཡོད་འདུག

རྒྱ་གཞུང་གིས་ལས་བྱེད་མི་སྣས་སྒེར་གྱི་འཁོར་སྐར་ཕྲོགས་པ་དང་། དེའི་ཚབ་ལ་ཁྱིམ་ཚང་རེར་སྡུད་ཆས་སྡེར་མ་ཆུང་བ་རེ་སྤྲད་འདུག

དགོན་པའི་ནང་གྲྭ་པ་རེ་ལ་སྡེར་མ་ཆུང་བ་དང་བརྙན་འཕྲིན་ཚོན་མདོག་size ༢༡ ཅན་བཅས་རིན་མེད་ཐོག་སྤྲོད་ཀྱི་ཡོད་པ་དང་། བརྙན་འཕྲིན་འཕྲུལ་ཆས་ནི་ཐོན་རྙིང་པ་རྒྱབ་ལོག་རིང་པོ་ཅན་དེ་ཡིན་པ་ལས་དེང་གི་བརྙན་འཕྲིན་དཔེ་གསར་ལེབ་ལེབ་དེ་འདྲ་མིན་པ་རེད།

རེབ་གོང་རོང་བོ་དགོན་ཆེན་ནང་དུ་གྲྭ་ཤག་སོ་སོ་ནས་བརྙན་འཕྲིན་འཁོར་སྐར་འཁྱེར་བཞིན་པ་དང་རྗེས་ཕྱོགས་སྡེར་མ་ཆེ་བ་རིགས་ཉར་ནས་བརྙན་འཕྲིན་ལ་བལྟས་ཚེ་རྒྱ་སྒོར་༥༠༠༠ ཆད་པ་གཅོད་རྒྱུ་ཡིན་སྐོར་བརྗོད་འདུག

རོང་བོ་དགོན་ཆེན་ནང་དུ་སྒེར་གྱི་འཁོར་སྐར་སྡེར་མའི་ཚབ་ལ་རྒྱ་གཞུང་གིས་བརྙན་འཕྲིན་སྐུད་ལམ་འཐེན་བཞིན་ཡོད་པ་དང་། སྐུད་ལམ་དང་མཉམ་དུ་སྒམ་ཆུང་གྲུ་བཞི་ཞིག་ཡོད་པ་དེའི་ནང་དུ་ལྐོག་ཉན་ཕབ་ལེན་གྱི་འཁྲུལ་ཆས་ཡོད་མེད་ལ་དགེ་འདུན་པས་དོགས་པ་བྱེད་ཀྱི་ཡོད་འདུག

ཁྱིམ་ཚང་རེར་ནས་སྔོན་ཆད་ཀྱི་སྡེར་མ་ཆེ་བ་དག་ཕར་སྤྲད་ཚེ།  སྡེར་མ་གསར་པ་རེ་ཚབ་ལ་སྤྲད་ཀྱི་ཡོད་པ་དང་།  དེ་ཡང་སྔོན་མ་སྡེར་མ་རྙིང་པ་ཆེ་ཡོད་མཁན་ཚོ་ལས་གཞན་ལ་སྤྲོད་ཀྱི་མེད་པ་རེད།

ཁྱིམ་སྤྱོད་ཁ་པར་དང་བརྙན་འཕྲིན་བསྡུ་ཆས་སམ་བརྙན་སྒམ་གཉིས་གཞི་གཅིག་ཏུ་སྦྲིལ་ཡོད་འདུག

བརྙན་འཕྲིན་དང་སྡེར་མ་འདི་དག་ནི་ས་གནས་སོ་སོའི་རླུང་འཕྲིན་ཁང་གིས་སྤྲོད་བཞིན་ཡོད་པ་དང་ས་གནས་སོ་སོའི་ཤང་སྲིད་གཞུང་གིས་ལག་སྟར་བྱེད་བཞིན་པའི་སྐབས་ཡིན་འདུག །rabkong_tvrabkong2_tv

སྡེར་མ་ཚོན་མདོག་དཀར་པོ་ཅན་སྒང་ལ་ཡི་གེ་དམར་པོ་བྲིས་ཡོད་པ་དེ་རྒྱ་གཞུང་གིས་གསར་དུ་སྤྲད་པའི་སྡེར་མ་གསར་བ་རེད།

rebkong1_tv

གོང་གི་སྡེར་མ་རྙིང་བ་དག་ནི་རྒྱ་ནག་སྲིད་གཞུང་གིས་གཞུང་བཞེས་བྱས་བྱས་ཟིན་པ་རེད།

Share this:
༧༨ ཀློག་གྲངས།