ཕུང་པོ་བཙན་དབང་གིས་དུར་འཇུག་བྱེད་དུ་བཅུག་འདུག

ཟླ་འདིའི་ཚེས་༡༢ ཉིན་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་ཚེ་རིང་བཀྲ་ཤིས་ཀྱི་ཕུང་པོ་རྒྱ་གཞུང་གིས་བཙན་དབང་གིས་དུར་འཇུག་བྱེད་བཅུག་པར་བརྟེན། ཁོང་གི་ཨ་མ་དྲན་པ་འཐོར་སྟེ་སྨན་ཁང་དུ་ཁྲིད་དགོས་བྱུང་འདུག

དེ་ཡང་ཚེ་རིང་སྐྱིད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཚེས་༡༢ ཉིན་རང་ལུས་མེར་སྲེག་བཏང་རྗེས་སྐུ་ཕུང་མདོ་སྨད་ཨ་མཆོག་སྐྱིད་སྡེ་བའི་རང་ཁྱིམ་དུ་གདན་འདྲེན་ཞུ་ཐུབ་ཡོད་ཀྱང་། དེའི་རྗེས་ཉེན་རྟོག་པ་དང་སྤྱི་བདེ་མི་སྣའི་རླངས་འཁོར་མང་པོས་སྡེ་འདབས་ཡོངས་སུ་བསྐོར་ཏེ། སྡེ་བ་དེར་བསྔོ་སྨོན་གནང་བར་ཕེབས་མཁན་གྱི་ཨ་མཆོག་དགོན་པའི་དགེ་མདུན་པ་དང་གདུང་སེམས་མཉམ་སྐྱེད་བྱེད་དུ་ཡོང་མཁན་རི་སྡེ་ཚོ་བའི་མི་རྣམས་བཀག་འགོག་བྱེད་ཀྱི་ཡོད་འདུག་ལ། དེའི་རྗེས་ཚོ་བའི་ཚོ་དཔོན་བར་དུ་བཏང་ནས། སྐུ་ཕུང་མགྱོགས་མྱུར་ཞུགས་འབུལ་བྱ་དགོས་པའི་བཀའ་བཏང་ཡོད་འདུག མེར་སྲེག་གཏོང་མཁན་ཚེ་རིང་བཀྲ་ཤིས་ཀྱི་ནང་མི་ཚོས། བོད་མིའི་སྲོལ་རྒྱུན་ལྟར་སྐུ་ཕུང་ཞུགས་འབུལ་ཐད་བླ་མར་ཞུ་དགོས་པ་དང་། ལྷག་པར་དུ་རི་སྡེ་ཚོ་བར་མཆོད་སྦྱིན་ལེགས་འགྲུབ་མ་གནང་བར་སྐུ་ཕུང་ཞུགས་འབུལ་བྱེད་སྲོལ་ཞིག་ད་སྔ་བོད་ཀྱི་སྲོལ་རྒྱུན་ལུགས་སྲོལ་ཁྲོད་དུ་མེད་པ་སོགས་ཀྱིས་ངོས་ལེན་མ་བྱས་པས། དེ་རྗེས་ཀན་ལྷོ་བསང་ཆུ་རྫོང་གི་སྤྱི་བདེ་ལས་ཁུངས་ཀྱི་མགོ་དཔོན་སོགས་ཀྱིས་བླ་བྲང་དུ་བཞུགས་ཡོད་པའི་ཨ་མཆོག་དགོན་པའི་བླ་ཆེན་ཨ་ལག་དབལ་མང་ཚང་ཨ་མཆོག་དགོན་པར་ཁྲིད་ཡོང་ནས། ཚོ་བའི་ཚོ་དཔོན་ཚོ་སྐོང་འགུགས་ཀྱིས་གང་མགྱོགས་སྐུ་ཕུང་ཞུགས་འབུལ་བྱ་དགོས་པའི་འཇིག་སྣང་སྐུལ་བ་དང་། ལྷག་པར་དུ་གལ་ཏེ་གནས་ཚུལ་མ་ལེགས་པ་བྱུང་བ་ཡིན་ན། འགན་ཡོད་ཚད་ཁྱེད་ཚོས་ཁུར་དགོས་པ་སོགས་སློབ་གསོ་དུས་ཡུན་རིང་བོར་བརྒྱབ་པ་དང་། ཡང་སྤྱི་བདེ་ལས་ཁུངས་ཀྱི་མགོ་དཔོན་གྱིས་མ་གཞི་ནས་ཁྱིམ་ཚང་དེ་ནི་ཏཱ་ལའི་ཁ་བྲལ་བ་དང་འབྲེལ་བ་དམ་པོ་ཡོད་མཁན་ཞིག་ཡིན་པས། ལས་སླ་པོར་འཇོག་རྒྱུ་མེད་ཚུལ་གྱིས་ཅོག་ཙེ་སྒང་ལ་ཁུ་ཚུར་གྱིས་གཞུས་པ་སོགས་ཚོ་དཔོན་ཚོ་དངངང་འདར་ཤོར་དགོས་པ་བཟོས་པ་སོགས་ཀྱིས། ཚེ་རིང་བཀྲ་ཤིས་ཀྱི་ཕ་གདུགས་དཀར་སྐྱབས་ཀྱིས་དོན་དག་ཆེན་པོ་བྱུང་ཚེ་སྡེ་པ་ཚོར་དཀའ་ལས་བཟོ་བའི་བསམ་ཤེས་ཐོག་བླ་ཆེན་ཨ་ལག་དབལ་མང་ཚང་གི་བཀའ་བཀོད་ལྟར། ཚེས་༡༣་ཉིན་གྱི་མཚན་མོ་སྐུ་ཕུང་བླ་རི་གུང་སྔོན་ཕྱོགས་ཀྱི་དུར་སར་ཞུགས་འབུལ་བྱེད་ཡོད་འདུག

སྐུ་ཕུང་ཞུགས་འབུལ་བྱ་བར་ཡང་མཚན་མོ་མི་རྣམས་གཉིད་ཉལ་རྗེས་རྗེས་མི་ཁ་ཤས་ཤིག་ལས་བཏང་ཡོད་མི་འདུག སྐབས་དེར་ཚེ་རིང་བཀྲ་ཤིས་ཀྱི་ཨ་མས་སྐུ་ཕུང་བཙན་དབང་གིས་ཞུགས་འབུལ་བྱེད་དགོས་བྱུང་བ་གོ་བ་དང་། ཁོང་དྲན་པ་བརྒྱལ་བས་སྨན་ཁང་དུ་སྐྱེལ་བའི་ལམ་བར་དུ་དྲན་པ་སོས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད།

ཚེ་རིང་བཀྲ་ཤིས་ནི་བོད་མདོ་སྨད་བསང་ཆུ་རྫོང་ཨ་མཆོག་སྐྱིད་སྡེ་པའི་ཕ་གང་སེང་ཚང་གདུགས་དཀར་སྐྱབས་དང་མ་ཚེ་རིང་སྒྲོལ་མ་གཉིས་ཀྱི་བུ་གཅིག་པུ་ཡིན་ལ། ལོ་ན་༢༢ཡིན་པའི་ཚེ་རིང་བཀྲ་ཤིས་ལགས་ཀྱི་ཆུང་མའི་མིང་ལ་ཡུམ་མཚོ་སྐྱིད་ཟེར་གྱིན་ཡོད་པ་རེད།  ཚེ་རིང་བཀྲ་ཤིས་ཀྱིས། ཚེས་༡༢་ཉིན་རང་ཁྱིམ་ནས་བོད་ལྭ་གཙང་མ་ཞིག་གྱོན་ཏེ། ཕྱུགས་རྫི་བྱེད་པའི་སྐབས་ཕྱུགས་རྣམས་རྫི་རོགས་ཚོར་བཅོལ་ཏེ། ཨ་མཆོག་གྲོང་བརྡལ་གྱི་སྲང་ལམ་ནས། ཉིན་གུང་ཆུ་ཚོད་གཉིས་པ་གཡས་གཡོན་དུ། རང་ལུས་ལྕགས་སྐུད་ཀྱིས་བསྡམས་ཏེ། ཀཱི་ཧོ་ཧོ། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་སྐད་འབོད་བྱེད་ཞོར་དུ་མེ་ལྕེ་ཁྲོད་ནས་ཁྲོམ་སྐོར་བྱེད་པ་དང་དེའི་རྗེས་སར་འགྱེལ་ཏེ་འདས་གྲོངས་སུ་ཕྱིན་ཡོད་འདུག སྐབས་དེར་ནམ་རྒྱུན་ལྟར་ཨ་མཆོག་གྲོང་བརྡལ་དུ་སྐོར་གཡེང་བྱེད་མཁན་གྱི་ཉེན་རྟོག་པ་ཚོ་སྐུ་ཕུང་གི་འཁྲིས་སུ་བཅར་བར་ས་གནས་ཁྲོམ་ལམ་གྱི་བོད་མི་རྣམས་ཕྱོགས་གཅིག་ཏུ་འཛོམས་ཏེ་ཉེན་རྟོག་པ་ཚོར་རྡོ་བས་གཞུས་ཏེ་སྐུ་ཕུང་བཙན་འཕྲོག་བྱེད་དུ་མ་བཅུག་པར་ཚེ་རིང་བཀྲ་ཤིས་ཀྱི་རང་ཁྱིམ་དུ་གདན་འདྲེན་ཞུས་ཡོད་པ་རེད།

ཚེ་རིང་བཀྲ་ཤིས་ནི་རྒྱུན་དུ་ནས་མི་ཚང་དེའི་མི་རྒྱུད་ཀྱི་ཁྲོད་དུ་གཤིས་བཟང་ཡ་རབས་ཀྱི་བུ་ཆུང་གཅིག་པུ་དེ་ཡིན་པ་དང་། ཆུང་མ་ཡུམ་མཚོ་སྐྱིད་དང་མཉམ་དུ་ཁྱིམ་གྱི་ལས་ཀར་ཧུར་བརྩོན་བྱེད་མཁན་ཞིག་ཡིན་པ་མ་ཟད། ཆུང་དུས་ནས་རྟ་ནོར་ལུག་གསུམ་ལ་སེམས་གཏིང་ནས་དགའ་ཞིང་། རྟ་རྩལ་འགྲན་སྡུར་ཁྲོད་ཡང་ཡང་དུ་ཨང་དང་པོ་ལེན་མྱོང་མཁན་ཞིག་ཀྱང་ཡིན། ཚེ་རིང་བཀྲ་ཤིས་ཀྱི་ཁྱིམ་དུ་ཕ་མ་གཉིས་དང་ཆུང་མ་ལས་མེད་པ་དང་། ཁྱིམ་ཚང་གི་འབྱོར་བ་སོགས་ཡག་པོ་ཡོད་པ་མ་ཟད། ཁོང་གི་ཕ་གང་སེང་ཚང་གདུགས་དཀར་སྐྱབས་ནི་ལོ་མང་རིང་སྡེ་དཔོན་གྱི་ཕྱག་ལས་གནང་མྱོང་མཁན་ཞིག་ཡིན།

Share this:
༣༤ ཀློག་གྲངས།