ཤེས་རྟོགས་བྱུང་བའི་བོད་མི་ཆབ་སྲིད་བཙོན་པ་༩༨༨ ཡོད།

tserin_tsomo_2013_1_17དེ་རིང་ཞོགས་པར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གིས་༢༠༡༢ ལོའི་འགྲོ་བ་མིིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་དེ་དབྱིན་བོད་གཉིས་ཀྱི་ཐོག་འདོན་སྤེལ་བྱས་ཏེ། བོད་ནང་ལ་ང་ཚོས་ཤེས་རྟོགས་བྱུང་བའི་ཆབ་སྲིད་བཙོན་པ་༩༨༨ འདུག་ཅེས་འགན་འཛིན་ཚེ་རིང་མཚོ་མོས་གསུངས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༧ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡ སྟེང་དྷ་སའི་མེག་གྷན་ཉིན་མོ་སློབ་གྲྭའི་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་དང་། ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད། ཟླ་བ་ཚེ་རིང་བཅས་ཀྱིས། ༢༠༡༢ ལོའི་བོད་ནང་གི་འགྲོ་བ་མིིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་དེ་དབྱིན་བོད་གཉིས་ཀྱི་ཐོག་འདོན་སྤེལ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་བསྐོངས་སོང་ལ།

སྙན་ཐོ་དེིའི་ནང་“༢༠༡༢ ལོའི་བོད་ནང་གི་འགྲོ་བ་མིིའི་ཐོབ་ཐང་གི་གནས་སྟངས་དང་། སྤྱི་མང་དང་ཆབ་སྲིད་ཀྱི་ཐོབ་ཐང་། གང་བྱུང་འཇུ་བཟུང་དང་། བཀར་ཉར། གར་སོང་ཆ་མེད། མནར་གཅོད། དྲང་བདེན་མིན་པའི་ཁྲིམས་ཆད། ཆོས་དད་རང་དབང་གི་ཐོབ་ཐང”་སོགས་ཀྱི་སྐོར་དང། ལྟེ་གནས་ཁང་དེིས་ཤེས་རྟོགས་བྱུང་བའི་བོད་ནང་གི་ཆབ་སྲིད་བཙོན་པ་ཚོའི་མིང་དང་གྲངས་ཀ  དེ་བཞིན་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་མིང་དང་གྲངས་ཀ འབོད་སྒྲ་བཅས་གསལ་པོར་བཀོད་ཡོད་པ་རེད་འདུག

གསར་འགོད་གསལ་བསྒྲགས་དེ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་སྒྲོགས་སྦྱང་བ་དང་། དེའི་ནང་རྒྱ་ནག་གཞུང་གིས་བོད་མིར་དམ་དྲག་བྱེད་སྟངས་སྐོར་འཁོད་དོན།  “༢༠༡༢ ལོ་ནི་བོད་མིའི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་བོད་མིའི་འཐབ་རྩོད་ཀྱི་ལོ་ཞིག་ཀྱང་ཡིན། བོད་ཀྱི་ས་ཁུལ་ཁག་གི་ནང་བོད་ཀྱི་ལས་དོན་སྐོར་གྱི་ཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་གཏན་འབེབས་བྱས་པའི་སྲིད་ཇུས་དང་། བྱ་ཐབས་རྣམས་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་དང་། བོད་འདི་འཕུར་མཆོངས་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བའི་དམིགས་ཚད་གཞིར་བཟུང་བོད་མིའི་ཐོག་རྡུང་རྡེག་ཚ་ནན་དང་། དམ་དྲག་དོ་དམ་གྱི་མ་ལག སྒྲིག་གཞི། བྱ་ཐབས་སོགས་གཅིག་རྗེས་གཉིས་མཐུད་དུ་སྤེལ་བ་དང་། ཆབ་སྲིད་ཐོག་དམ་དྲག་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། རྡུང་རྡེག་ཚ་ནན་གཏོང་བའི་ཐབས་ལམ་དང་བྱ་ཐབས་སྤྱད་དེ་སྤྱི་ཚོགས་བརྟན་ལྷིང་དང་། བོད་མིར་ཕར་འགྲོ་ཚུར་འོང་བཅས་པར་བཀག་སྡོམ་དང་དམ་དྲག དེ་བཞིན་དྲག་ཆས་ཉེན་རྟོག་པ་དང་སྤྱི་བདེ་ཉེན་རྟོག་པའི་བཙན་གནོན་འོག བོད་མི་རྣམས་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་མེད་པའི་དཀའ་ངལ་འོག་ལྷུང་ཡོད”་ཅེས་འཁོད་འདུག

tserin_tsomo_2013_1_17

མུ་མཐུད་འཁོད་དོན། “བོད་ཀྱི་དངོས་ཡོད་གནས་སྟངས་དང་མི་འཚམ་པ་དང་། བོད་མིའི་མངོན་འདོད་དང་མི་མཐུན་པའི་སྲིད་ཇུས་དང་། བྱ་ཐབས་བོད་མིའི་ཐོག་བཙན་འགེལ་བྱས་པའི་འོག་བོད་མི་ཚོ་ཨུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་གིས་ཞི་རྒོལ་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་སྤེལ་བས། མི་རྣམས་ཧང་སང་དགོས་པ་དང་བློ་སྟོབས་དང་སྐྱོ་སྣང་ཅིག་ཆར་དུ་བྱུང་བའི་ལོ་རྒྱུས་ཤིག་ཀྱང་ཡིན། ༢༠༠༩ ལོ་ནས་བཟུང་ད་བར་བོད་ནང་གི་བོད་མི་༩༥ ཙམ་གྱིས་རྒྱ་གཞུང་གི་མཁྲེགས་འཛིན་སྲིད་ཇུས་ལ། ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད་ཅིང་། དེ་ནི་འདས་པའི་ལོ་རྒྱུས་ནང་སྔར་བྱུང་མྱོང་མེད། ལྷག་དོན་དུ་༢༠༡༢ ལོ་ཁོ་ནར་བོད་ནང་གི་བོད་མི་༨༢ ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད། མི་མང་ལ་འགན་ཁུར་མེད་པ་དང་ཚེ་སྲོག་ལ་བརྩི་འཇོག་མེད་པའི་རྒྱ་གཞུང་གིས་བོད་མིའི་དགོས་འདུན་ལ་སྣང་མེད་ཀྱིས། དྲག་རྡུང་དང་གཉའ་གནོན་གྱིས་འདས་པོ་ཚོའི་ཕུང་པོ་ཡང་ ནང་མི་སྤུན་ཉེ་ལ་མི་སྤྲད་པར་བཙན་ཁྱེར་གྱིས་མེད་པ་བཟོ་བ་སོགས་མི་ཆོས་ལས་འགལ་བའི་བྱ་སྤྱོད་སྤེལ་བཞིན་ཡོད”ཅེས་དང་།

མཐར་ཁོང་གིས་“སྙན་ཐོ་འདིའི་ནང་སྤྱི་མང་དང་ཆབ་སྲིད་ཀྱི་ཐོབ་ཐང་། གང་བྱུང་འཇུ་བཟུང་དང་། བཀར་ཉར། གར་སོང་ཆ་མེད། མནར་གཅོད། དྲང་བདེན་མིན་པའི་ཁྲིམས་ཆད། ཆོས་དད་རང་དབང་གི་ཐོབ་ཐང་སོགས་ལ་ཞིབ་འཇུག་གི་སྙན་ཐོ་ཞིག་ཡིན་པ་དང་། དམིགས་བསལ་བོད་ནང་གི་ཆོས་དད་རང་དབང་དང་འབྲེལ་བའི་སྙན་ཐོ་ཞིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་གི་དམིགས་བསམ་སྐུ་ཚབ་ལ་ཟླ་འདིའི་ཕྱི་ཚེས་༡༤ ཉིན་ཕུལ་ཡོད། ང་ཚོའི་ལྟེ་གནས་ཁང་གིས་ཤེས་རྟོགས་བྱུང་བ། བོད་ནང་གི་བཙོན་ཁང་ཁག་ལ་བཙོན་འཇུག་བྱེད་བཞིན་པའི་ཆབ་སྲིད་བཙོན་པ་གྲངས་༩༨༨ དང་། ཕྱི་ལོ་༢༠༡༢ ལོ་ཁོ་ནར་ཤེས་རྟོགས་བྱུང་བ་བོད་ནང་གི་བོད་མི་འཇུ་བཟུང་བྱས་པ་གྲངས་༢༦༩ དང་། ཁྲིམས་ཐག་བཅད་གྲངས་༢༩ ཙམ་བྱུང་ཡོད། བོད་ནང་ལ་ལོ་རེར་བཞིན་དམ་དྲག་ཆེ་རུ་འགྲོ་བཞིན་པར་བརྟེན། བལ་བོད་ས་མཚམས་སོགས་ལ་ཡང་དམ་དྲག་ཤུགས་ཆེ་བྱས་རྐྱེན་བོད་མི་བྲོས་བྱོལ་ལ་ཡོང་མཁན་དག་ལ་དཀའ་ངལ་ཆེན་པོ་ཆགས་ཡོད། ཕྱི་ལོ་༢༠༡༡ ལོར་བོད་ནས་སྐྱབས་བཅོལ་ལ་ཡོང་མཁན་གྲངས་༧༥༤ བྱུང་ཡོད་པ་དང་། ༢༠༡༢ ལོར་བོད་ནས་སྐྱབས་བཅོལ་འབྱོིར་བ་གྲངས་༣༧༤ ཙམ་ལས་བྱུང་མེད་”པས་རྒྱ་གཞུང་གིས་བོད་མིའི་མངོན་འདོད་གང་ཡིན་པ་དེར་ཞིབ་འཇུག་གིས། བོད་ནང་གི་ཛ་དྲག་གི་གནས་སྟངས་མགྱོགས་པོར་སེལ་དགོས་པའི་སྐུལ་མ་ཡང་གནང་སོང་ལ།

ད་དུང་ཁོང་གིས་རྒྱ་གཞུང་གིས་དགོས་དབང་གི་ཁྲིམས་ལུགས་མང་པོ་ཞིག་གཏན་འབེབས་ཀྱིས། བོད་ནང་གི་བོད་མི་ཚོས་ལས་ཀ་བྱས་ཚད་ཁྲིམས་དང་འགལ་ཡོད་ཚུལ་བཤད་དེ་ཉེས་རྡུང་དང་བཙོན་འཇུག་བྱེད་ཀྱི་ཡོད་སྐོར་དང་། སྙན་ཐོ་འདི་རྒྱ་གཞུང་གི་ཁྲིམས་ལུགས་དེ་ཚོའི་ཁ་གཏད་གཅོག་བྱེད་དུ་བཏོན་ཡོད་སྐོར། མ་འོངས་པར་རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ཁྲིམས་ལུགས་གཏན་འབེབ་བྱ་དགོས་སྐོར་སོགས་བརྗོད་སོང་།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དེ་ནི། ཕྱི་༡༩༩༦ ལོར་ཁྲིམས་མཐུན་གྱི་དེབ་སྐྱེལ་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་པ་དང་། ལྟེ་གནས་ཁང་དེས་བོད་ནང་གི་འགྲོི་བ་མིའི་ཐོབ་ཐང་ལ་ནུས་ཐོན་གྱིས་ཉམས་ཞིབ་དང་། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ནས་ཟབ་སྦྱོང་ཡང་གོ་སྒྲིག་བྱེད་ཀྱི་ཡོད་པ་རེད། །

Share this:
༡༧༩ ཀློག་གྲངས།