ཆོས་སློབ་གཉེར་གཙོ་བོར་བཟུང་ནས་ཚན་རིག་སློབ་གཉེར་དགོས།

mundgod_2013_1_17ཟླ་འདིའི་ཚེས་༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པའི་ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་པའི་འབྲས་སྤུངས་བླ་སྤྱི་རུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་ཚེ་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་༢༦ པ་དེ་འཚོག་བཞིན་ཡོད་པ་རེད།

བགྲོ་གླེང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་།  དགའ་ལྡན་ཁྲི་རིན་པོ་ཆེ། ཤར་བྱང་གི་ཆོས་རྗེ་རྣམ་གཉིས་སོགས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་དགེ་བཤེས་རྣམ་པ་དང་།  ཚན་རིག་པ་ཁག་ཅིག ཆོས་བྱེད་དགེ་འདུན་པ་སློབ་གཉེར་བ་རྣམ་པ་དང་། བོད་རིག་སློབ་མ་ཁག་གཅིག གཞན་ཡང་འཛམ་གླིང་ཤར་ནུབ་ཀྱི་དེང་དུས་ཚན་རྩལ་རིག་གནས་ལ་མཁས་དབང་ཁག་གཅིག་བཅས་མི་གྲངས་ཆིག་སྟོང་༡༠༠༠ ཙམ་མཉམ་ཞུགས་གནང་ཡོད་པ་རེད།

mundgod1_2013_1_17དེ་ཡང་ཐོག་མར་བགྲོ་གླེང་གོ་སྒྲིག་པ་དྷ་ས་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ནས་ནང་ཆོས་དང་ཚན་རིག་དབར་བགྲོ་གླེང་འདིར་གོ་སྒྲིག་བྱེད་དགོས་དོན་སྐོར་ངོ་སྤྲོད་གནང་རྗེས།   ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་དགོན་སྡེ་གྲྭ་ཚང་ནང་གི་མཁས་པ་ཚོ་དང་ཚན་རིག་པ་ཚོ་ཕྱོགས་གཉིས་དབར་ནང་ཆོས་དང་ཚན་རིག་གི་བསམ་ཚུལ་བརྗེ་རེས་སམ་བགྲོ་གླེང་གནང་རྒྱུ་གལ་གནད་ཆེ་ཚུལ་སྐོར་ལ་བཀའ་སློབ་ལམ་སྟོན་གནང་དོན། ནང་ཆོས་དང་ཚན་རིག་བར་བགྲོ་གླེང་གནང་དགོས་དོན་དམིགས་ཡུལ་གཉིས་འཛིན་དགོས་པ་རེད་ཅེས་ཞུ་སྡོད་ཀྱིན་ཡོད། དམིགས་ཡུལ་གཅིག་དེ་ནང་ཆོས་དང་ཚན་རིག་ཕྱོགས་གཉིས་ནས་ཤེས་བྱ་རྒྱ་ཆེ་རུའམ་གོང་འཕེལ་གཏོང་རྒྱུ་དང་།  དེ་ལ་ལེགས་ཉེས་བླངས་དོར་གྱི་སྐད་ཆ་མེད་པ་བྱས་ནས།  ད་ལྟ་བར་དུ་ཚན་རིག་པ་ཚོས་དངོས་པོ་གཟུགས་ཅན་ལ་གཙོ་བོ་ཞིབ་མཇུག་བྱས་བསྡད་པ་རེད།  ད་ཆར་མིའི་མྱོང་བ་རྣམ་རྟོགས་དང་རེ་དོགས་འདྲ་མི་འདྲ་དེ་དག་ག་འདྲ་ཞི་འགྲོ་ཡི་འདུག་མིན་ལ་དཔྱད་པ་བྱེད་དགོས་པ་རེད།   དམིགས་ཡུལ་གཉིས་པ་དེ་དཔེར་ན།  དངོས་པོ་རྫས་ཀྱི་རྣམ་བཞག་དེ་དག་སློབ་སྦྱོང་བྱས་ནས།  གཏན་ལ་ཕབས་ནས་ཤེས་པའི་ལག་བྱས་དེའི་མི་ལ་ཕན་པ་ཡོད་པ་དེ་དག་དཔེར་ན།   སྨན་འདྲ་བོ་ལ་ཆ་བཞག་པ་ཡིན་ན།   བརྟགས་དཔྱད་བྱས་ནས་མིའི་ལུས་པོ་ལ་ཕན་ཐོགས་ཡོད་པ་དེ་དག་ཚུར་དང་དུ་བླངས་ནས་གོང་འཕེལ་རྒྱ་ཆེར་སྤེལ།   གནོད་པའི་རིགས་དེ་དག་ཉུང་དུ་བཏང་ནས།  དེ་སྔོན་འགོག་བྱ་རྒྱུའི་ཐབས་ཤེས་བྱེད་པ་དེ་རྫས་ཀྱི་ནུས་པ་ཤེས་པའི་གྲུབ་དོན་ལ་བརྟེན་ནས།   རིམ་པ་གཉིས་པ་དེ་བླང་དོར་སྒང་ལ་སླེབ་ཡོང་གི་རེད།  དེ་འདྲ་ཡིན་དུས་ནང་སེམས་ཀྱི་རྟོགས་པའི་རྣམ་བཞག་དེ་དག་ཞིབ་ཚགས་པོའི་ཐོག་ནས་དེའི་འགྲོ་སྟངས་གནས་སྟངས་ཡག་པོ་ཞིག་ཤེས་པའི་མཚམས་དེ་ཤོད་ཀྱི་ཡོད་པ་རེད་མ་གཏོགས། སྐྱེ་བ་ཕྱི་མ་དང་ལྷ་ཡུལ་སོགས་ལ་སྐྱེས་མིན།  དེ་བཞིན་ཐར་པ་དང་ཐམས་ཅད་མཁྱེན་པའི་སྐད་ཆ་བཤད་ཀྱི་ཡོད་པ་མ་རེད།   མི་ཚེ་འདིའི་འཛམ་གླིང་སྐྱེ་བོ་ཡོངས་བདེ་བ་ཞིག་དང་མི་སྒེར་བ་སོ་སོའི་ཡིན་ན་ཡང་སེམས་སྐྱིད་པ་བག་ཕེབས་པ་ཤིག་ཡོང་ཆེད་དུ་སེམས་ཀྱི་འགྲོ་སྟངས་ཡག་པོ་ཤེས་པའི་ཐོག་ནས་སེམས་མ་སྐྱིད་པ་བཟོས་མཁན་དེ་ག་འདྲ་འདུག   དེའི་ལྡོག་ཟླ་གཉེན་པོ་ག་འདྲ་ཞིག་བརྟེན་དགོས་ཀྱི་ཡོད་མེད་སོགས་ཕྱོགས་གཉིས་ནས་བརྟག་དཔྱད་ཞིབ་འཇུག་གིས་གྲུབ་དོན་ཐོག་ནས་འགྲོ་བ་མིའི་རིགས་ཀྱི་ལས་སེམས་ལ་ཞབས་འདེགས་སྒྲུབ་རྒྱུ་དེ་ཡིན་པའི་ངོ་སྤྲོད་གསུང་བཤད་གནང་སོང་།

mundgod2_2013_1_17དེ་བཞིན་༧གོང་ས་མཆོག་གིས་དགེ་འདུན་པ་ཚན་རིག་ལ་སློབ་གཉེར་གནང་མཁན་ཚོས་ངོས་ནས་ནང་ཆོས་སློབ་གཉེར་དེ་མ་རྩ་གཙོ་བོར་བཞག་པའི་ཐོག་ནས་ཞོར་དུ་ཚན་རིག་ལ་སློབ་གཉེར་གནང་དགོས་པའི་ལམ་སྟོན་བཀའ་སློབ་གནང་དོན། ཚན་རིག་ལ་སློབ་གཉེར་བྱེད་དགོས་པ་རེད་ཟེར་ནས་དོ་སྣང་གསར་པ་འདྲ་ཞིག་སླེབས་ནས་ཀླད་པའི་ནུས་པ་མང་ཆེ་བ་ཚན་རིག་སློབ་གཉེར་བྱེད་ཕྱོགས་ཐོག་གཏོང་བ་དེ་འདྲ་མ་རེད། དཔེར་ན་ང་ལ་ཆ་བཞག་པ་ཡིན་ན།    ཚན་རིག་ལ་དོ་སྣང་ཞེ་དྲག་ཡོད།  ལྷ་སར་ཡོད་སྐབས་ནས་དོ་སྣང་ཡོད།  ཡོད་པ་ཡིན་ཡང་ངས་ཉིན་ཞག་གཅིག་ནས་མང་ཤོས་ཏེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་གྱི་ཡོད།  གང་ལྟར་ནང་པའི་གཞུང་དེ་དག་བསླབ་ནས་གཙོ་བོ་དེའི་སྒང་ལ་འགྲོ་སྡོད་ཀྱི་ཡོད།  ཤེས་སོང་ངམ།  དེ་འདྲ་ཡིན་དུས་ཚན་རིག་ལ་ཨ་གསར་འདྲ་བོ་ཞེ་དྲག་བྱས་ནས་ཚུར་ཕྱོགས་ནས་ད་ལྟ་བར་སློབ་གཉེར་བྱས་པ་དེ་དག་ལྷོད་གཡེང་སོང་ནས་མཐུས་ཤོར་སོང་བ་ཡིན་ན།  ཁྱོན་ནས་འགྲིག་གི་མ་རེད་ཅེས་དང་།

ཡང་༧གོང་ས་མཆོག་གིས།    ནང་ཆོས་ནས་གསུངས་པའི་བདེ་སྡུག་དང་ཚོར་བའི་གནས་སྟངས་གི་འཕེལ་རིམ་སྐོར་ལ་ངོ་སྤྲོད་ཞིབ་རྒྱས་གནང་བ་མ་ཟད།   ཚན་རིག་བགྲོ་གླེངས་ཐེངས་༢༦་པ་དེ་འདི་ལོར་དམིགས་བསལ་གདན་ས་ཆེན་པོ་འབྲས་སྤུངས་དགོན་པར་འཚོགས་དོན་གཙོ་བོ་ཚན་རིག་པ་ཚོས་ངོས་ནས་ནང་པ་སྤྱི་ཡོངས་དང་ལྷག་པར་དུ་བོད་ཀྱི་ཆོས་བྱེད་དགེ་འདུན་པ་ཚོས་ནང་ཆོས་ལ་བསླབ་པ་སློབ་གཉེར་གནང་སྟངས་ལ་ཤེས་རྟོགས་ཡོང་ཆེད་དང་།    གཉིས་ནས་དགེ་འདུན་པ་ཚོའི་ངོས་ནས་ཡིན་ན་ཡང་ཚན་རིག་པ་ཚོའི་ལྟ་སྟངས་དང་བྱེད་ཕྱོགས་སོགས་ཀྱི་ཐད་ལ་རྒྱུས་མངའ་དང་ཤེས་རྟོགས་ཡོང་བའི་ཆེད་དུ་དམིགས་ཡོད་སྐོར་སོགས་གསུངས་སོང་།

དེ་རྗེས་བགྲོ་གླེང་འདིར་ཆེད་དུ་ཕེབས་མཁན་ཚན་རིག་མཁས་དབང་Arthur Zajonc ཨར་ཐུར་ཛ་ཛོང་དང་Richard Davidson རི་ཆར་ཏྲི་ལྦེ་ཏྲི་སན་གཉིས་ནས་རིམ་པས་རང་ཉིད་ངོ་སྤྲོད་དང་འབྲེལ་ཁོང་གཉིས་སྒེར་དང་ལས་ཀའི་ངོས་ནས་བགྲོ་གླེང་བྱེད་ཕྱོགས་ཐད་ནུས་པ་ཇི་འདྲ་ཞིག་ཐོན་གྱི་ཡོད་མེད་སྐོར་གྱི་གཟིགས་ཚུར་བཅས་ཀྱི་སྐོར་དང་།  དེ་བཞིན་གལ་གནད་ཆེ་བའི་དྲི་བ་ཁག་འགའ་ཡང་བཏོན་སོང་ལ།  དཔེར་ན།  ནང་པའི་མཁས་དབང་གྲྭ་བཙུན་ཚོའིི་ངོས་ནས་ནུབ་ཕྱོགས་ཚན་རིག་གི་བྱ་གཞག་ནང་ཕན་ཐོགས་ཐུབ་པའི་ནུས་པ་གང་དང་གང་ཡོད་པ།  ཁོང་ཚོར་དེ་ལྟར་བྱེད་དགོས་པའི་སྐུལ་མ་བྱེད་དགོས་དོན་གང་ཡིན།   ད་ལྟ་བར་ཆོས་ཚན་ཟུང་འབྲེལ་གྱི་གྲུབ་འབྲས་ཐོབ་པ་གང་དང་གང་ཡོད་པ་བཅས་ཀྱི་ཐོག་ལ་གསུང་བཤད་གནང་ཡོད་པ་རེད།

ཉིན་རྒྱབ་མུ་མཐུད་ནས་བརྗོད་གཞིི་ཁག་མི་འདྲ་བའི་ཐོག་ཆུ་ཚོད་༥་༣༠ ལྔ་བ་དང་ཕྱེད་ཀ་བར་བགྲོ་གླེང་དང་གཏམ་བཤད་ཀྱི་ལས་རིམ་སྒྲིག་གནང་ཡོད་པ་རེད་འདུག་ལ་དེ་ལྟར་ཚེས་༡༧ ནས་ཕྱི་ཚེས་༢༢་བར་ཉིན་གྲངས་དྲུག་རིང་སེམས་དང་སྲོག་གི་བགྲོ་གླེང་བྱེད་བཞིན་ཡོད་པ་རེད་འདུག །

མོན་གྷོ་གསར་འགོད་པས།

Share this:
༩༨ ཀློག་གྲངས།