དམིགས་ཡུལ་གཙོ་བོ་གཞོན་སྐྱེས་ཚོར་ལས་ཀ་སྤྲད་རྒྱུ་དེ་རེད།

dolkar1234བོད་གཞུང་ནང་སྲིད་ལས་ཁུངས་དང་མོམ་བྷེ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ (Techno Serve) ཞེས་པའི་ཚོགས་པ་གཉིས་མཉམ་འབྲེལ་གྱིས། ཕྱི་ལོ་༢༠༡༢ ཟླ་༡༠ ཚེས་༢༤ ཉིན་དྷ་རམ་ས་ལའི་དབུས་སྣེ་ལེན་ཁང་རྙིང་པར། བོད་རིགས་གཞོན་སྐྱེས་ཚོའི་ཆེད་མདུན་ལམ་སློབ་སྟོན་བསྟི་གནས་ཁང་ཞིག་གསར་འཛུགས་བྱས་ཏེ།

ད་ལྟའི་ཆར་བོད་རིགས་གཞོན་སྐྱེས་ཚོའི་ཆེད་མདུན་ལམ་ལམ་སྟོན་གྱི་ལས་ཀ་འགྲོ་བཞིན་པ་ལྟར་འདི་གའི་གསར་འགོད་པས། དྷ་སའི་མདུན་ལམ་སློབ་སྟོན་པའི་འགན་འཛིན་བསྟན་འཛིན་སྒྲོལ་དཀར་ལ་ལས་གཞི་དེའི་སྐོར་བཅར་འདྲི་བྱས་ཡོད།

 

དྲི་བ། ཐོག་མར་བོད་རིགས་གཞོན་སྐྱེས་ཚོའི་ཆེད་མདུན་ལམ་སློབ་སྟོན་ཞེས་པའི་ལས་གཞི་འདིའི་དམིགས་ཡུལ་མདོར་བསྡུས་ཤིག་གསུངས་རོགས།

cp_12ལན། བོད་མི་གཞོན་སྐྱེས་ཚོའི་ཆེད་མདུན་ལམ་སློབ་སྟོན་ཁང་དྷ་སར་བཙུགས་དགོས་དོན་དེ། དྷ་ས་གཙོས་པའི་བཙན་བྱོལ་ནང་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོར་ལས་ཀ་སྤྲད་རྒྱུ་དེ་ལས་འཆར་འདིའི་དམིགས་ཡུལ་གཙོ་བོ་རེད། ཡང་བོད་ནས་གསར་དུ་སླེབས་མཁན་དང་འདི་ནས་འཚར་ལོངས་བྱུང་བ་སུ་ཡིན་རུང་། མ་འོངས་པར་སོ་སོའི་མི་ཚེའི་ཆེད་ལས་ག་རེ་བྱེད་དགོས་ཀྱི་ཡོད་མེད་དང། མདུན་ལམ་གང་ཞིག་བདམས་ན་བཟང་མིན་སོགས་ཀྱི་ཐད་ནས་ལམ་སྟོན་བྱེད་ཀྱི་ཡོད་རེད། དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། སྒེར་གྱི་ཟ་ཁང་དང་ཚོང་ཁང་སོགས་ཀྱི་ནང་ལས་ཀའི་ས་མིག་ཐོན་ཚེ། ང་ཚོས་འདི་ནས་སོ་སོའི་དམིགས་ཡུལ་དང་འཚམས་པའི་ལས་ཀར་མཚམས་སྦྱོར་བྱེད་ཀྱི་ཡོད་རེད། ད་ལྟའི་ཆར་ང་ཚོའི་སར་གཞོན་སྐྱེས་མདུན་ལམ་ལམ་སྟོན་བྱེད་ས་དང་ལས་ཀ་འཚོལ་ས་གཞོན་སྐྱེས་༧༠ ལྷག་ཅིག་ཡོད་ལ། ང་ཚོས་གཞོན་སྐྱེས་བཞི་ལྔ་ཞིག་ལ་ལས་ཀ་སྤྲད་ཡོད། རྒྱ་གར་གྱི་རྒྱལ་ས་ཁག་གི་ནང་ཡང་ལས་ཀ་འཚོལ་གྱི་ཡོད།

དྲི་བ། ཁྱེད་རང་ཚོས་འདི་ནས་གློག་ཀླད་ཀྱི་འཛིན་གྲྭ་ཞིག་འཚོག་གི་ཡོད་པ་དེའི་སྐོར་ངོ་སྤྲོད་ཅིག་བྱ་རོགས།
ལན། འཛིན་གྲྭ་དེའི་དམིགས་ཡུལ་གཙོ་བོ་དེ་གློག་ཀླད་ཀྱི་ཐོག་ནས་རིགས་གཅིག་རྐང་འཛིན་ཡོང་ཆེད་དུ་རེད། གང་ཡིན་ཟེར་ན། བོད་རིགས་གཞོན་སྐྱེས་མང་པོ་ཞིག་དྷ་སར་ཡོད་རེད་ལ་ཁོང་ཚོ་མང་ཆེ་བར་གློག་ཀླད་སྦྱང་རྒྱུའི་འདོད་པ་ཆེན་པོ་འདུག དེར་བརྟེན་ད་ལྟའི་ཆར་ང་ཚོས་གློག་ཀླད་གསར་དུ་སྦྱང་མཁན་ཚོའི་ཆེད་རྨང་གཞི་འཛིན་གྲྭ་གཅིག་དང་། དེ་ནས་ཏོག་ཙམ་ཤེས་མཁན་ཚོར་དྲ་རྒྱ་བཟོ་སྟངས་ཀྱི་འཛིན་གྲྭ་གཉིས་གོ་སྒྲིག་བྱས་ནས་སློབ་ཀྱི་ཡོད་རེད། འཛིན་གྲྭ་གཉིས་པའི་དགེ་རྒན་གྱི་མིང་ལ་ཚེ་བརྟན་སྒྲོལ་དཀར་ཟེར་གྱི་ཡོད་རེད། འཛིན་གྲྭ་དེར་སློབ་ཕྲུག་༥༠ ལྷག་དང་། འཛིན་གྲྭ་གཉིས་པའི་དགེ་རྒན་གྱི་མིང་ལ་འཇིགས་མེད་ཟེར་གྱི་ཡོད་རེད། འཛིན་གྲྭ་དེར་སློབ་ཕྲུག་༢༥ ཡོད། འཛིན་གྲྭ་དེ་གཉིས་ཀྱི་དུས་ཡུན་ཟླ་བ་༤ རེ་རེད།

དྲི་བ། འཛིན་གྲྭ་དེར་འཛུལ་ཞུགས་བྱེད་སྟངས་ག་འདྲ་རེད་ཆ་རྐྱེན་གང་དགོས་ཀྱི་ཡོད་རེད།
ལན། རྩ་བས་དེར་འཛུལ་ཞུགས་བྱེད་སྟངས་དེ་ང་ཚོས་གསལ་བསྒྲགས་གཏོང་གི་ཡོད་རེད། རང་བཙན་ལག་དེབ་དང་སྐྱབས་བཅོལ་ལག་དེབ་དགོས་ཀྱི་ཡོད་རེད། ཆ་རྐྱེན་གཙོ་བོ་དེ་འཛུལ་ཞུགས་བྱེད་མཁན་ཁོ་རང་ལ་སྦྱང་འདོད་ཀྱི་དམིགས་ཡུལ་བརྟན་པོ་དགོས་ཀྱི་ཡོད་རེད། འདིར་སླེབས་རྗེས་སློབ་ཕྲུག་གི་རྨང་གཞིའི་ཤེས་ཚད་ལ་བལྟས་ནས་ང་ཚོས་འཛིན་གྲྭ་གང་དུ་གཏོང་དགོས་མིན་བལྟ་ཡི་རེད། རྩ་བས་ང་ཚོའི་དམིགས་ཡུལ་གཙོ་བོ་དེ་བོད་རིགས་གཞོན་སྐྱེས་ཚོར་མདུན་ལམ་སྟོན་རྒྱུ་དེ་རེད། གློག་ཀླད་འཛིན་གྲྭ་དེ་དམིགས་ཡུལ་གྱི་ཆ་ཤས་ཤིག་རེད། ཡིན་ན་ཡང་མང་པོ་ཞིག་གིས་འཛིན་གྲྭ་དེ་གཙོ་བོ་ལྟ་བུ་བྱེད་ཀྱི་འདུག ང་ཚོས་འདི་ནས་བོད་རིགས་གཞོན་སྐྱེས་ཚོར་ལས་ཀ་སྤྲད་ཕྱོགས་གཙོས་པས། མ་འོངས་པའི་མི་ཚེའི་མདུན་ལམ་གྱི་ལམ་སྟོན་བྱེད་ཀྱི་ཡོད་རེད། དེར་བརྟེན་བོད་རིགས་གཞོན་སྐྱེས་སུ་ཡིན་ན་ཡང་ང་ཚོས་འདི་ནས་ལམ་སྟོན་དང་། སློབ་སྦྱོང་གང་སྤྲད་པ་དེས་མ་འོངས་པར་སོ་སོའི་མི་ཚེའི་ལམ་ཁར་ཕན་ཐོགས་ཡོད་ཚེ་ང་ཚོར་འབྲེལ་བ་བྱས་ན་འགྲིག་གི་རེད།

དྲི་བ། ཁྱེད་རང་ཚོས་སློབ་གྲྭའི་གུང་གསེང་དང་བསྟུན་ཏེ་སློབ་ཕྲུག་ཚོར་གློག་ཀླད་ཀྱི་འཛིན་གྲྭ་ཞིག་འཚོག་གི་ཡོད་པ་དེ་ངོ་སྤྲོད་ཅིག་བྱ་རོགས།
ལན། ད་ལྟའི་ཆར་སློབ་གྲྭ་ཁག་དགུན་ཁའི་གུང་གསེང་ཡིན་པར་བརྟེན། སློབ་ཕྲུག་མང་པོ་ཞིག་འདིར་ཡོང་ནས་གློག་ཀླད་སྦྱང་ས་ཡོད་རེད་དམ་ཞེས་སྐད་ཆ་འདྲི་ཡི་འདུག དེར་བརྟེན་ང་ཚོས་སློབ་གྲྭའི་གུང་གསེང་དང་བསྟུན་ཏེ་སློབ་ཕྲུག་ཚོ་ཡང་ཐོག་མའི་རྨང་གཞིའི་སྡེ་ཚན་གཅིག་དང་། ཏོག་ཙམ་ཤེས་མཁན་གྱི་རིགས་གཉིས་ཕྱེས་ནས་སློབ་ཀྱི་ཡོད།
དེ་རྗེས་རྨང་གཞིའི་འཛིན་གྲྭའི་ནང་གློག་ཀླད་སྦྱོང་མཁན་དགྲ་འདུལ་གྱིས་གསར་འགོད་པར་བརྗོད་དོན། ང་རང་འཛིན་གྲྭ་འདིར་ཡོང་ནས་བདུན་ཕྲག་གཉིས་ཙམ་འགྲོ་སོང། གློག་ཀླད་འཛིན་གྲྭ་འདི་ཧ་ཅང་གི་ཕན་ཐོགས་ཆེན་པོ་འདུག ང་རང་ལྟ་བུ་ཡིན་ན། ཕ་ཡུལ་དུ་ཡོད་སྐབས་དེ་འདྲའི་གོ་སྐབས་རག་མྱོང་མེད། འདིར་ཡོང་ནས་སོ་སོ་ལ་དེ་འདྲའི་མཐུན་རྐྱེན་མེད་ན་ཡང་། གཞུང་གི་གོ་སྒྲིག་འོག་འཛིན་གྲྭ་འདི་འདྲ་ཞིག་གོ་སྒྲིག་བྱས་ཐུབ་པ་དེས། ང་ལྟ་བུའི་བོད་རིགས་གཞོན་སྐྱེས་སྔར་གློག་ཀླད་སྦྱོང་མྱོང་མེད་པ་དང། ད་ལྟ་སོ་སོ་རང་ལ་ཕྱོགས་གང་ཐད་ནས་མཐུན་རྐྱེན་མེད་མཁན་ཚོར་ཧ་ཅང་གི་ཕན་ཐོགས་ཆེན་པོ་འདུག་ཅེས་བརྗོད་བྱུང་། །

Share this:
༡༩༦ ཀློག་གྲངས།