དྷ་ས་ནོར་གླིང་དུ་ས་གནས་ཡན་ལག་ལས་ཁང་གསར་འཛུགས།

ཟླ་ ༡ ཚེས་༢༣ ཉིན་དྷ་ས་ས་གནས་འགོ་འཛིན་ལས་ཁང་གི་ཡན་ལག་ལས་ཁང་ཞིག་ནོར་གླིང་ཉེ་འགྲམ་དུ་གསར་འཛུགས་ཀྱི་དབུ་འབྱེད་མཛད་སྒོ་ཞིག་འཚོགས་པ་དང་། རེས་གཟའ་ལྷག་པ་ནམ་ཡིན་ལ་དྷ་ས་ས་གནས་འགོ་འཛིན་ནོར་གླིང་ཡན་ལག་ལས་ཁང་དུ་སྡོད་རྒྱུ་ཡིན་པ་རེད།

མཛད་སྒོ་དེའི་སྐུ་མགྲོན་དུ་དྷ་ས་ས་གནས་འགོ་འཛིན་དང་། སི་དྷི་པུར་རྒྱ་གར་གྱི་གྲོང་སྡེའི་སྡེ་དཔོན་ཨུས་ཤ་ཤར་མ། དེ་བཞིན་སྒྲོལ་མ་གླིང་དང་། སྙིང་སྟོབས་གླིང་། རྒྱུད་སྟོད་གྲྭ་ཚང་། ནོར་གླིང་བཅས་ཀྱི་འགན་འཛིན་རྣམ་པ་དང་། མི་མང་བཅས་མཉམ་ཞུགས་བྱས་ཡོད་པ་རེད།

སྒྲོལ་མ་གླིང་གི་སློབ་སྤྱི་རིན་ཆེན་དོན་གྲུབ་ཀྱིས་ང་ཚོས་ལོ་ཤས་སྔོན་ནས་ས་གནས་འགོ་འཛིན་སོགས་ལ་ཞུ་སྙན་རབས་དང་རིམ་པ་ཕུལ་བ་རེད། དེ་རིང་གཞི་ནས་ཡན་ལག་ལས་ཁང་སྒོ་འབྱེད་བྱེད་ཐུབ་པ་བྱུང་སོང་། ས་གནས་སུ་གད་སྙིགས་མང་པོ་ཡོད་པ་གཡུག་ས་མི་རག་པའི་དཀའ་ངལ་ཡོད་སྐོར་སོགས་སོང་།

དྷ་ས་གནས་འགོ་འཛིན་གྱིས་ནོར་གླིང་ས་གནས་འདིར་ཡན་ལག་ལས་ཁང་སྒོ་འབྱེད་དགོས་དོན་སྐོར་གསུངས་དོན། ནོར་གླིང་ས་གནས་ལ་མི་འབོར་མང་བ་མ་ཟད། ས་གནས་ནས་མི་མང་པོ་ཞིག་ས་གནས་ལས་ཁུངས་སུ་བཅར་དགོས་དུས་མི་མང་ལ་དཀའ་ངལ་ཞིག་རང་བཞིན་གྱིས་འཕྲད་ཀྱི་ཡིན་སྐོར་དང་། བདུན་ཕྲག་གཅིག་གི་ནང་རེས་གཟའ་ལྷག་པ་ནམ་ཡིན་ལ་དྷ་ས་ས་གནས་འགོ་འཛིན་ནོར་གླིང་ཡན་ལག་ལས་ཁང་དུ་སྡོད་རྒྱུ་ཡིན་པས། མི་མང་གི་ངོས་ནས་དཀའ་ངལ་གང་ཡོད་དང་། ལས་དོན་གང་ཡོད་དེ་ཡོང་ན་འགྲིག་གི་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས་ནོར་གླིང་ལ་གད་སྙིག་གཡུག་སའི་ས་ཆ་མི་རག་པའི་དཀའ་ངལ་འཕྲད་སྐོར་དང་། ས་གནས་འདིའི་སྡེ་དཔོན་གྱིས་ངེས་པར་དུ་དགོངས་བཞེས་གནང་དགོས་པ་དང་། ཁོར་ཡུག་གཙང་བཟོའི་ལས་ཀ་འདི་བོད་པ་གཅིག་པུ་མིན་པར་ས་གནས་རྒྱ་གར་མི་མང་ལ་ཕན་ཐོགས་ཡོད་པའི་ལས་ཀ་ཡིན་པས་ངེས་པར་དུ་དགོངས་བཞེས་གནང་དགོས་སྐོར་གསུངས་སོང་རྗེས། སི་དྷི་པུར་གྲོང་སྡེའི་སྡེ་དཔོན་ཨུས་ཤ་ཤར་མས་ཚོགས་ཐོག་དེ་རང་ལ་གད་སྙིག་ གཡུག་སའི་ས་ཆ་དེ་སྤྲོད་རྒྱུ་ཞལ་བཞེས་གནང་ཡོད་པ་རེད།
ནོར་གླིང་ཉེ་འཁོར་དུ་གནས་སྡོད་རོབ་རྩིས་བྱས་ན་མི་༢༠༠༠ ཙམ་ཡོད་པ་དང་། ཉེ་འཁོར་གྷོ་པལ་པུར་དང་། རྒྱུད་སྟོད་སོགས་བསྡོམས་ན་མི་གྲངས་༥༠༠༠ ལྷག་ཙམ་ཡོད་པ་རེད་འདུག།

Share this:
༤༠ ཀློག་གྲངས།