བྱང་ཤར་ཁུལ་གྱི་ཞུ་གཏུག་རྗར་ཁནྜ་མངའ་སྡེ་ནས་མཇུག་བསྡོམས།

8_press_conferenceཟླ་འདིའི་ཕྱི་ཚེས་༢༢ ཉིན་རྒྱ་གར་བྱང་ཤར་ཁུལ་དུ་བོད་དོན་རྒྱབ་སྐྱོར་ཡོང་ཆེད་ཞུ་གཏུག་གི་ལས་འགུལ་སྤེལ་མཁན་སྤྱི་འཐུས་རྣམས་རྗར་ཁནྜ་མངའ་སྡེ་རུ་འབྱོར་ཞིང། མངའ་སྡེའི་སྲིད་སྐྱོང་དང། གྲོས་ཚོགས་ཀྱི་ཚོགས་གཙོ། སྤྱི་ཁྱབ་བློན་ཆེན་ཟུར་པ་གཉིས། དབུས་དང་མངའ་སྡེའི་གྲོས་ཚོགས་འཐུས་མི།

སྲིད་དོན་ཚོགས་པ་ཁག་གི་དབུ་ཁྲིད་སོགས་ས་གནས་ཀྱི་གནད་ཡོད་ཆབ་སྲིད་མི་སྣ་རྣམས་དང་མཇལ་འཕྲད་ཞུས་ཡོད་པ་རེད།

དེ་ཡང་གོང་རྒྱ་གར་བྱང་ཤར་ཁུལ་དུ་ཞུ་གཏུག་གི་ལས་འགུལ་སྣེ་ཁྲིད་མཁན་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས། སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་བཅས་ཆ་ཏི་ས་གྷར་མངའ་སྡེའི་ནང་ཞུ་གཏུག་ལས་འགུལ་གྲུབ་ནས་ཕྱི་ཚེས་༢༢ ཉིན་གྱི་དགོང་མོ་རྗར་ཁནྜ་མངའ་སྡེའི་རྒྱལ་ས་རན་ཅི་རུ་འབྱོར། ད་ལྟའི་ཆར་མངའ་སྡེ་དེར་འོས་བསྡུ་བྱས་པའི་གཞུང་དུས་ཡུན་མ་རྫོགས་གོང་ནས་དགོངས་པ་ཞུ་དགོས་བྱུང་བར་བརྟེན། སྲིད་སྐྱོང་གིས་མངའ་སྡེ་དེའི་འགན་དབང་ཆ་ཚང་བཞེས་བཞིན་པའི་སྐབས་ཤིག་ཏུ་ཁེལ་ཡོད་སྟབས། མངའ་སྡེ་དེའི་སྲིད་སྐྱོང་ཌོཀ་ཊར་སཱ་ཧིད་ཨེཧ་མད་(Dr. Sayeed Ahmed)མཆོག་དང་མཇལ་འཕྲད་གནང་ཞིང། བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་སྦྲགས་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་པར། ཁོང་གིས་བོད་དོན་ལ་བརྩེ་སེམས་དང་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་སོགས་གསུངས་ཡོད་འདུག

10_prayer_meeting1དེ་བཞིན་མངའ་སྡེ་དེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཅནྡྲ་ཤེ་ཁར་པྲཀྴ་སིངྒ་(Chandrashekhar Prakash Singh)མཆོག་དང་མཇལ་འཕྲད་གནང་ཞིང། ཁོང་གིས་བོད་དོན་གནས་ཚུལ་ཤེས་རྟོགས་ཆ་ཚང་ཡོད། ག་དུས་ཡིན་ཡང་བོད་དོན་ལ་རྒྱབ་སྐྱོར་ཡོད་ཅེས་སོགས་གསུངས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨརྗུན་མུཎ་ཌ་(Arjun Munda)མཆོག་དང་མཇལ་འཕྲད་གནང་བའི་སྐབས་ཁོང་གིས། བྷི་ཇེ་བྷི་ཚོགས་པ་ཁྱེད་རང་ཚོ་བོད་པའི་རྒྱབ་ཏུ་ག་དུས་ཡིན་ཡང་ཡོད་ཡོད་པ་ཡིན་ཞེས་སོགས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་དང། མངའ་སྡེའི་ཁོངས་ནས་ཡིན་པའི་དབུས་ཀྱི་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་ལའང་གྲོས་ཚོགས་ནང་བོད་དོན་གླེང་སློང་ཡོང་བའི་མངག་བྱ་གནང་གི་ཡིན་ཞེས་སོགས་གསུངས་སོང། དེ་བཞིན་རྗར་ཁནྜ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཐོག་མ་གནང་མྱོང་བ་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Shri. Babulal Marandi)མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡིག་ངག་གཉིས་ཐོག་ནས་ཞུས་པ་བཞིན། རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང།

རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་དང་རྗར་ཁནྜ་མངའ་སྡེའི་གོང་རི་སི་ཚོགས་པའི་ཚོགས་གཙོ་གཅིག་ལྕོགས་ཌོཀ་ཊར་པྲ་དིཔ་ཀུ་མཱར་བྷལ་མུ་ཅུ་(Dr. Pradeep Kumar Balmuchu)མཆོག་དང་མཇལ་འཕྲད་གནང་བའི་སྐབས། བོད་དོན་ལ་རྒྱབ་སྐྱོར་ཡོད་པ་དང་བོད་པའི་བདེན་དོན་ལ་དུས་ནམ་ཡང་རྒྱབ་སྐྱོར་ཡོད་ཅེས་སོགས་གསུངས་སོང། དེ་བཞིན་མངའ་སྡེ་དེའི་ནང་གི་བྷི་ཇེ་བྷི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་དྷི་ནེ་ཤ་ཨ་ནནྡྲ་གྷོ་ས་ཝཱ་མི་(Shri Dineshanand Goswami)མཆོག་དང་མཇལ་འཕྲད་གནང་ཞིང། ཁོང་གིས་ཁོང་ཚོའི་ཚོགས་པ་དེ་དུས་ནམ་ཡང་བོད་པའི་རྒྱབ་ཏུ་ཡོད་ཅེས། བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཆེན་ཡོད་ཅེས་གསུངས་པ་མ་ཟད། སྐབས་དེར་གསར་འགོད་པ་མང་པོས་དེ་དང་འབྲེལ་བའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་ཡོད་སྐོར་ཡང་གསུངས་ཡོད་འདུག

མངའ་སྡེ་དེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་ཟུར་པ་དང། མངའ་སྡེའི་གྲོས་ཚོགས་འཐུས་མི། མངའ་སྡེ་དེའི་ཆབ་སྲིད་ཚོགས་པ་རྗེ་ཨེམ་ཨེམ་(JMM) གྱི་ཚོགས་གཞོན་སྐུ་ཞབས་ཧེ་མནྟ་སོ་རེན་(Hemant Soren)མཆོག་དང། དེ་བཞིན་སྲིད་དོན་ཚོགས་(JVM)པའི་འབྲེལ་ཡོད་དབུ་ཁྲིད་རྣམ་པ་སོགས་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་ལ་མཇལ་འཕྲད་ཀྱིས་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་པ་བཞིན། རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག

ཕྱི་ཟླ་༡ ཚེས་༢༥ ཕྱི་དྲོ་ཆུ་ཚོད་༢ པའི་ཐོག་རན་ཅི་ཆི་ནར་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་གྲོང་ཁྱེར་དེའི་གསར་འགོད་པ་རྣམས་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དང། བོད་དོན་དང་འབྲེལ་བའི་གནས་ཚུལ་གང་མང་ཁྱབ་བསྒྲགས་བྱུང་ཡོད་པ་རེད། ཉིན་དེའི་དགོང་མོ་ཆུ་ཚོད་༤ པ་ཙམ་ནས་ས་གནས་དེར་ཡོད་པའི་བོད་མི་སུད་ཚོང་བ་རྣམས་དང། བོད་དོན་རྒྱབ་སྐྱོར་བ་བཅས་མི་གྲངས་༡༠༠ ལྷག་ཙམ་འཛོམས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེའི་ཁྲོམ་སྐོར་ཞིག་བྱས་འདུག་ཅིང། སྐབས་དེར་སྤྱི་འཐུས་རྣམས་ཀྱིས་བོད་ཧིན་དབྱིན་གསུམ་གྱི་ཐོག་ནས་གཏམ་བཤད་དང། བོད་དོན་རྒྱབ་སྐྱོར་བ་ཁག་གིས་ཀྱང་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་སྐོར་གསུང་བཤད་གནང་ཡོད་པ་རེད།

མངའ་སྡེ་དེའི་ནང་དུ་གྲོས་ཚོགས་འཐུས་མི་གྲངས་༨༡ ཡོད་པ་རྣམས་ཀྱི་ནང་ནས་དངོས་སུ་ཐུག་འཕྲད་བྱུང་བ་རྣམས་ལ་ཡིག་ངག་གཉིས་ཐོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་སྦྲགས། བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། དངོས་སུ་མཇལ་འཕྲད་ཀྱི་གོ་སྐབས་མ་བྱུང་བ་རྣམས་ལ་ཡིག་ཐོག་ནས་མཚན་འཁོད་སྙན་ཞུ་དང། རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་ཡིག་ཆ་བཅས་རེ་རེ་བཞིན་སྦྲག་བརྒྱུད་ནས་ཕུལ་ཡོད་པ་རེད།

སྤྱི་འཐུས་ལྷན་ཚོགས་ཀྱི་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་ཚོགས་ཆུང་གི་ཚོགས་མི་རྣམས་ནུབ་བྷེང་གྷལ་དང། ཨོ་རི་ས། ཆད་ཏི་ས་གྷར། རྗར་ཁནྜ་བཅས་མངའ་སྡེ་བཞིའི་ནང་དཔོན་རིགས་ཁག་དང་མཇལ་འཕྲད་ཀྱིས་བོད་དོན་རྒྱབ་སྐྱོར་ཡོང་བའི་ཞུ་གཏུག་ལས་འགུལ་སྤེལ་ཡོད་པ་དང། ལས་འགུལ་དེ་ཕྱི་ཟླ་༡ ཚེས་༢༦ ཉིན་གནས་སྐབས་རིང་མཚམས་འཇོག་བྱས་ཤིང། ཕྱི་ཟླ་༣ པའི་གྲོས་ཚོགས་གྲུབ་པའི་རྗེས་སུ་སླར་ཡང་ཨ་རུ་ན་ཅལ་མངའ་སྡེ་དང། འབྲས་ལྗོངས། མེ་གྷ་ལ་ཡ། ན་གཱ་ལེནྜ། ཨ་སམ་བཅས་མངའ་སྡེ་ལྔའི་ནང་ཞུ་གཏུག་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་འདུག། ད་བར་མངའ་སྡེ་བཞིའི་ནང་དུ་བསྐྱོད་ནས་ལས་འགུལ་སྤེལ་བའི་སྐབས་སུ་རྒྱ་གར་གྱི་དཔོན་རིགས་ཁག་གིས་བོད་དོན་ལ་ཐུགས་སྣང་དང། ཤ་ཚ། གདུང་སེམས་མཉམ་བསྐྱེད་ཡོད་པ་མ་ཟད། རྒྱབ་སྐྱོར་ཆེན་པོ་ཡོད་པའི་རྣམ་འགྱུར་ཧ་ཅང་གསལ་པོ་བསྟན་ཡོད་པ་བཅས་ཀྱི་གནས་ཚུལ་འདུག།།

Share this:
༨༡ ཀློག་གྲངས།