བཀའ་སྤྱི་ཐུན་མོང་གིས་ལྡི་ལིར་ལས་འགུལ་སྤེལ་བ་དང་པོ་ཡིན།

penpa_2013ཟླ་འདིའི་ཚེས་༢༩ ནས་ཉིན་བཞི་རིང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཡོང་བའི་ལས་འགུལ་ཞིག་བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་ཏེ་མི་མང་མཉམ་ཞུགས་ཀྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་རེད། ལས་འགུལ་དེ་ནི་བོད་ནང་གི་ཛ་དྲག་གནས་བབས་རྒྱལ་སྤྱིའི་སྐྱེལ་ཆེད་དུ་ཡིན་པ་རེད།

ཟླ་འདིའི་ཚེས་༢༦ ཉིན་སྲིད་སྐྱོང་བློ་བཟང་སེང་གིས་ལས་འགུལ་དེའི་སྐོར་ལ་གསར་འགོད་པའི་དྲི་ལན་འདེབས་གནང་དོན། “བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་བརྒྱ་ཟིན་གྱི་ཡོད་པ་རེད་ལ། losang2_2013_1_26ཁོང་རྣམ་པའི་མངོན་འདོད་༧གོང་ས་མཆོག་བོད་ལ་ཕེབས་ཐུབ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་མངོན་འདོད་སྒྲུབ་ཆེད་གཞུང་མང་གཉིས་ཀྱིས་དཀའ་ལས་རྒྱག་རྒྱུ་གལ་ཆེན་པོ་རེད། ག་རེ་བྱེད་ཐུབ་པ་དེ་བྱེད་དགོས་པ་རེད་ལབ་ཀྱི་ཡོད། བཀའ་སྤྱི་གཉིས་ཐུན་མོང་ཐོག་རྒྱལ་ས་ལྡི་ལིར་ལས་འགུལ་སྤེལ་བ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད། ཆབ་སྲིད་ཀྱི་ཐོག་ནས་ད་ལྟ་བར་བཀའ་ཤག་གིས་དེ་འདྲ་མ་གནང་བར་རྒྱུ་མཚན་གཏིང་ཟབ་པོ་དང་གལ་ཆེན་པོ་ཡོད་པ་རེད། ཡིན་ནའང་བོད་ནང་ཛ་དྲག་འདི་འདྲ་ཡོད་སྐབས། སྲིད་སྐྱོང་གཙོས་བཀའ་བློན་རྣམ་པ་དང་། གྲོས་ཚོགས་འཐུས་མི་ཚང་མས་རྒྱལ་སྤྱིའི་ཐོག་བོད་ནང་གི་དཀའ་ངལ་དང་། སྐུ་ངལ་ག་འདྲ་བསྐྱོན་རྒྱུ་ཡོད་པ་ཞུ་ཐུབ་ན་བསམ་པ་རེད། སྤྱི་ཡོངས་ཀྱི་ལོ་རྒྱུས་ལ་བལྟས་ན། བཀའ་ཤག་ད་ལྟ་བར་མར་ཐང་ལ་མ་ཐོན་པ་དེར་རྒྱུ་མཚན་ཡོད་པ་རེད།  ཡིན་ནའང་བོད་ནང་ཛ་དྲག་ཆགས་ཡོང་དུས་ཉིན་བཞིའི་རིང་ལྡི་ལིའི་ལས་འགུལ་ནང་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད་”ཅེས་གསུངས་སོང་།

དེ་ཡང་ལས་འགུལ་དེ་ནི་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བརྟེན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་ ༢ པ་ཚོགས་གནང་བའི་གྲུབ་དོན་སྙན་ཐོའི་དགོངས་དོན་ལ་བཀའ་སྤྱི་ལྷན་རྒྱས་ནས་བཀའ་བསྡུར་ཐག་གཅོད་གནང་དོན་ལྟར་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཆེན་ཞིག་ཡིན་པ་རེད།

ཟླ་༡ ཚེས་༢༨ ཉིན་གྱི་སྔ་དྲོར་ལྡི་ལིར་སྤྱི་ཁྱབ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་སྤྱི་ཡོངས་ཀྱི་ལས་དོན་གོ་སྒྲིག་ཐད་བསྐྱར་ཞིབ་དང་། ལས་དོན་བྱེད་ཕྱོགས་སྐོར་ལ་གོ་བསྡུར་ཞིབ་ལྷུག་གནང་ཡོད་པ་རེད།

ཉིན་དེའི་ཉིན་གུང་ཆུ་ཚོད་༣ པའི་ཐོག་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་ཉིན་སློབ་ཏུ་སྤྱི་ཁྱབ་ཚོགས་ཆུང་གིས་ཕྱོགས་མཐའ་ཁག་ནས་ཕེབས་པའི་ས་འཐུས་ཚོགས་གཙོ་དང། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པ་བཅས་ལ་སྤྱི་ཡོངས་ལས་འགུལ་སྐབས། རང་ཁོངས་མི་མང་རྣམས་ཀྱི་སྣེ་ཁྲིད་གནང་ཕྱོགས་ལམ་སྟོན་དོན་ཚན་བཅུ་གསུམ་ཅན་ཞིག་འགྲེམས་སྤེལ་དང། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཡིག་ཆ་དེ་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་དང་། དེ་བཞིན་ཁོང་གིས་ཉིན་བཞིའི་ལས་འགུལ་རིང་གི་མཛད་རིམ་ཁག་ངོ་སྤྲོད་སོགས་གནང་སྟེ་དྲི་བ་དྲིས་ལན་གྱི་གོ་སྐབས་ཀྱང་གནང་ཡོད་པ་རེད།

ད་ལན་གྱི་ལས་འགུལ་འདིའི་ནང་རྒྱ་བལ་འབྲུག་གསུམ་བཅས་ཕྱོགས་མཐའ་ཁག་ནས་མི་མང་གང་མང་ལྡི་ལིར་འབྱོར་བཞིན་ཡོད་པ་མ་ཟད། རྒྱ་གར་མི་མང་ཡང་གང་མང་ལས་འགུལ་དེར་མཉམ་ཞུགས་བྱ་རྒྱུ་རེད་ཅེས་ཤོད་བཞིན་འདུག ཕྱོགས་མཐའ་ཁག་ནས་ཕེབས་པའི་མི་མང་རྣམས་ས་གནས་ཁག་ལྔ་རུ་བཞུགས་གནས་གོ་སྒྲིག་གནང་ཡོད་པ་རེད།།

mu_2013_1_28བོད་མིའི་གདུང་སེམས་བསྐྱེད་ཀྱི་ལས་འགུལ་སྤྱི་ཁྱབ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང། ཚོགས་མི་སྤྱི་ལྷན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག སྤྱི་འཐུས་ཀརྨ་ཆོས་འཕེལ། སྤྱི་འཐུས་ཀརྨ་ཡེ་ཤེས། སྤྱི་འཐུས་འཇམ་དབྱངས་བཟོད་པ་བཅས་ཀྱིས་སྤྱི་ཁྱབ་བཀོད་འདོམས་འོག གཤམ་འོག་ཏུ་ཚོགས་ཆུང་ཁག་ཅིག་ཀྱང་གོ་སྒྲིག་གནང་ཡོད་པ་རེད་འདུག དེ་ཡང་རྒྱ་གར་དབུ་ཁྲིད་རྣམ་པ་གདན་ཞུའི་ཚོགས་ཆུང་དང། ཕྱི་རྒྱལ་གཞུང་ཚབ་ཁག་ལ་མཇལ་འཕྲད་ཚོགས་ཆུང། མི་མང་ལ་ལམ་སྟོན་ཚོགས་ཆུང་། བཞུགས་གནས་གོ་སྒྲིག་ཚོགས་ཆུང་། ཚོགས་ཡུལ་གོ་སྒྲིག་ཚོགས་ཆུང་། འཕྲོད་བསྟེན་ཚོགས་ཆུང་། གསར་འགོད་ཚོགས་ཆུང་། ཆུ་དང་གསོལ་ཇ་འདེགས་འབུལ་ཚོགས་ཆུང་། བདེ་འཇགས་འགན་ཁུར་ཚོགས་ཆུང་བཅས་སུ་བཀའ་བློན་རྣམ་པ་དང། སྤྱི་འཐུས་རྣམ་པ། ས་འཐུས་དང་ས་གནས་འགོ་འཛིན། རང་ཚོགས་འཐུས་མི། དབུས་ཆོོལ་ཁ་གསུམ་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་བཅས་མི་གྲངས་༡༣༩ ལྷག་ཚོགས་ཆུང་ཁག་ཏུ་ཆ་བགོས་གནང་སྟེ། ལས་དོན་དངོས་སུ་འགོ་འཛུགས་ཀྱིས་ད་བར་སྔོན་འགྲོའི་ལས་དོན་ཁག་གྲ་སྒྲིག་གི་འགན་ཁུར་གནང་བཞིན་ཡོད་པ་རེད།

Share this:
༩༨ ཀློག་གྲངས།