ལྔ་བཅུའི་དུས་དྲན་སྐབས་ཀྱི་སྨོན་ལམ་མཆོད་འབུལ།

ཉིན་དེའི་སྔ་དྲོ་ཆུ་ཚོད་༨་༣༠ ཐོག་ྋགོང་ས་མཆོག་ཐེག་ཆེན་ཆོས་གླིང་གཙུག་ཁང་དུ་ཆིབས་བསྒྱུར་གནང་བ་དང༌། ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་དང༌། དཔལ་རྒྱལ་དབང་ཀརྨ་པ། ཤར་པ་ཆོས་རྗེ་རིན་པོ་ཆེ། སྨན་རི་ཁྲི་འཛིན་རིན་པོ་ཆེ་བཅས་ཀྱིས་དབུས་བླ་སྤྲུལ་དང༌། མཁན་པོ་རྣམ་པ། དགོན་སྡེ་ཁག་གི་སྐུ་ཚབ་དང༌། བླ་སྤྲུལ་དང་མཁན་པོ་ཚོགས་ཐོག་ཏུ་ཕེབས་མ་ཐུབ་པ་རྣམ་པའི་སྐུ་ཚབ། སེར་མོ་བ་དང༌། བཙུན་མ། བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གྱིས་དབུས་སྤྱི་འཐུས་རྣམ་པ། བཀའ་བློན་ཁྲི་པས་དབུས་བཀའ་བློན་རྣམ་པ། གཞུང་ཞབས་དང་མི་མང་སློབ་མ་སོགས་འདུ་འཛོམས་ཀྱིས་སྨོན་ལམ་ཟབ་རྒྱས་གསུངས་ཡོད་པ་རེད།
    ཆོས་དོན་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་ཉིན་དེའི་སྨོན་ལམ་འཚོགས་དགོས་པའི་དམིགས་ཡུལ་སྐོར་གསུང་དོན། ད་ལྟ་རྒྱ་ནག་གཞུང་གིས་བླ་སྤྲུལ་ངོས་འཛིན་གྱིས་བོད་མི་ཚང་མས་དེ་ངོས་ལེན་དགོས་པའི་བཙན་བཀའ་གཏོང་བ་དང༌། ྋགོང་ས་མཆོག་ལ་སྐྱོན་བརྗོད་ཞུ་བཅུག་པ། སྐུ་པར་སྒྲིག་གཤོམ་མི་ཆོག་སོགས་རྒྱ་ནག་གཞུང་གིས་བཙན་བཀའ་གཏོང་བཞིན་ཡོད་པ་དང༌། བོད་མི་ཚོས་དེ་ལ་ངོས་ལེན་མེད་པའི་རྣམ་འགྱུར་ཙམ་བསྟན་ན། གསོད་རྡུང་དང༌། བཙོན་འཇུག མནར་གཅོད་མྱངས་དང་མྱོང་མུས་སུ་ཡོད་པ་དང༌། རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ཀྱི་ལུས་སྲོག་བློས་གཏོང་གནང་བ་ལ་བཀའ་དྲིན་རྗེས་དྲན། སྐུ་གཤེགས་ཕོ་མོ་རྣམས་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་སྙིང་རྗེས་རྗེས་སུ་བཟུང་བའི་མཐུ་ལ་བརྟེན་ནས། མངོན་མཐོའི་སྐལ་བཟང་ཐོབ་པ་དང༌། ད་ལྟ་མནར་གཅོད་འོག་མྱོང་གཞིན་པ་རྣམས་ཀྱི་སྡུག་བསྔལ་མྱུར་ཏུ་གྲོལ་ཏེ། གཞིས་བྱེས་མཉམ་འཛོམས་ཡོང་ཆེད་མཆོད་འབུལ་དང་གསོལ་འདེབས་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།།

Share this:
༧༤ ཀློག་གྲངས།